ཐའེ་ཝན་གྱིས་རྒྱ་ནག་ལ་མེ་ཤུགས་འཕུར་མདའ་འཕེན་རྒྱུ་ཡིན་འདུག

ཐེངས་དང་པོར་ཐའེ་ཝན་མཚོ་འགག་གིས་ཕྱི་གསལ་ནང་གསལ་ཐོག་རྒྱ་ནག་གི་ཕྱོགས་སུ་མེ་ཤུགས་འཕུར་མདའ་འཕེན་རྒྱུ་ཡིན་སྐོར་གསལ་བསྒྲགས་བྱས་ཡོད་པའི་གནས་ཚུལ་ཞིག་ཧོང་ཀོང་རང་དབང་གསར་ཁང་གིས་སྤེལ་འདུག

ཁ་སང་ཐའེ་ཝན་གཞུང་གིས་རྒྱ་ནག་གིས་ཐའེ་ཝན་མཚོ་འགག་ལ་དབང་སྒྱུར་སྲིད་པའི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་ཡོད་སྟབས། ཐའེ་ཝན་གྱིས་རང་གི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་དགོས་ཚུལ་བརྗོད་ཡོད་པ་དང་། དེ་རིང་ཐའེ་ཝན་མཚོ་འགག་གིས་ཐོག་དང་པོར་རྒྱ་ནག་ཕྱོགས་སུ་མེ་ཤུགས་འཕུར་མདའ་འཕེན་རྒྱུ་ཡིན་པ་ཕྱི་གསལ་ནང་གསལ་ཐོག་གསལ་བསྒྲགས་བྱས་ཡོད་འདུག

༡༩༤༩ ལོར་གོ་གུང་གཉིས་ཁ་བྲལ་བྱུང་རྗེས། ཐའེ་ཝན་མཚོ་འགག་ནི་རང་སྲིད་རང་སྐྱོང་གི་ངོ་བོར་གནས་ཡོད་ཀྱང་། རྒྱ་ནག་གིས་ཐའེ་ཝན་ནི་རྒྱ་ནག་སྐམ་ས་ཆེན་མོའི་མངའ་ཁོངས་ཡིན་སྟབས། ཞི་དྲགས་གཉིས་ལ་བརྟེན་ཏེ་ཐའེ་ཝན་ཕྱིར་སྐམ་ས་ཆེན་མོའི་མངའ་ཁོངས་སུ་ལེན་རྒྱུ་ཡིན་ལུགས་བཤད་ཀྱིན་ཡོད།

ན་ནིང་ལྕམ་ཚའེ་ཡེན་ཝན་གྱིས་ཐའེ་ཝན་སྲིད་དབང་བཟུང་རྗེས། རྒྱ་ནག་དང་ཐའེ་ཝན་གཉིས་གཉིས་བར་གྱི་འདས་པའི་ལོ་ངོ་ ༨ རིང་གི་འབྲེལ་ལམ་དེ་ཆད་ཡོད་པ་དང་། དེ་ནི་པེ་ཅིན་གཞུང་གིས་ཐའེ་ཝན་མཚོ་འགག་གི་སྲིད་འཛིན་ཚའེ་ཡེན་ཝན་གཞུང་ལ་ཡིད་ཆེས་མེད་པར་བརྟེན་ཏེ་བྱུང་ཞིག་ཡིན་འདུག

ཐའེ་ཝན་གྲོས་ཚོགས་ནང་ལོ་བཞིའི་རིང་གི་ཐའེ་ཝན་གྱི་བདེ་སྲུང་སྐོར་གྱི་སྙན་ཐོ་ཞིག་བཏོན་པ་ཡོད་པ་དང་། སྐབས་དེར་ཐའེ་ཝན་གྲོས་ཚོགས་འཐུས་མིས་ཐའེ་ཝན་བདེ་སྲུང་ལྷན་ཁང་ལ་ཐའེ་ཝན་གྱིས་རྒྱ་ནག་སྐམ་ས་ཆེན་མོའི་ཕྱོགས་སུ་མེ་ཤུགས་འཕུར་མདའ་འཕེན་མིན་དྲི་བ་བཏོན་པའི་ལན་དུ། ཐའེ་ཝན་བདེ་སྲུང་བློན་ཆེན་ཧྥིང་ཧྲི་ཁུན་ (Feng Shih-kuan)གྱིས་འཕེན་རྒྱུ་ཡིན་ལུགས་བཤད་ཡོད་འདུག

གནས་ཚུལ་དེའི་སྐོར་ཐའེ་ཝན་གྲོས་ཚོགས་འཐུས་མི་ཝང་ཐེན་ཡུ་ (Wang Ting-yu) ཡིས་ཧྥ་རན་སིའི་གསར་ཁང་ (AFP) ལ་བརྗོད་དོན། “འདི་ནི་ཐའེ་ཝན་བདེ་སྲུང་ལྷན་ཁང་ནས་རྒྱ་ནག་ཕྱོགས་སུ་མེ་ཤུགས་འཕུར་མདའ་འཕེན་རྒྱུ་ཐག་བཅད་པ་དང་པོ་ཆགས་ཡོད། གཅིག་བྱས་ན། ཐའེ་ཝན་གྱི་མེ་ཤུགས་འཕུར་མདའ་སྤྱི་ལེ་ ༡༥༠༠ རིང་ཚད་ལ་བསྐྱོད་ཐུབ་ངེས་རེད” ཅེས་བརྗོད་འདུག

ཐའེ་ཝན་བདེ་སྲུང་ལྷན་ཁང་གིས་འདས་པའི་ལོ་མང་རིང་ཐའེ་ཝན་མཚོ་འགག་གིས་རྒྱང་ཐག་རིང་བོར་བསླེབ་ཐུབ་པའི་མེ་ཤུགས་འཕུར་མདའ་བཟོ་སྐྲུན་བྱས་ཡོད། ཡིན་ནའང་ད་བར་མེ་ཤུགས་འཕུར་མདའི་མགྱོག་ཚད་དང་སླེབ་ཚད་དེ་ཕྱི་གསལ་ནང་གསལ་ཐོག་བསྒྲགས་ཡོད་པ་མ་རེད་ཅེས་བརྗོད་འདུག

གྲོས་ཚོགས་ཀྱི་སྙན་ཐོའི་ནང་། ཐའེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་ཆེད། དྲག་ཆས་དམག་དཔུང་རྩ་འཛུགས་བྱ་རྒྱུ་གཏན་འཁེལ་བྱས་ཡོད་འདུག སྙན་ཐོའི་ནང་བཀོད་དོན། “དགྲ་བོས་ང་ཚོར་དབང་སྒྱུར་རྒྱུ་ཡིན་ལུགས་ནན་བཤད་བྱེད་ཀྱིན་པའི་སྐབས་འདིར། ང་ཚོས་དགྲ་དམག་གི་རྟེན་གཞི་གཏོར་ཏེ་དགྲ་ཕྱོགས་ཀྱི་སྟོབས་ཤུགས་ནུས་མེད་བཟོ་དགོས། ང་ཚོས་དགྲ་བོར་མཚོ་ཐོག་ནས་འཐབ་འཛིང་བྱས་ཏེ། ཁོ་ཚོ་ཐའེ་ཝན་མཚོ་ཁར་ཡོང་བར་འགོག་རྒོལ་དང་ཕར་སྐྲོད་གཏོང་དགོས”ཞེས་བརྗོད་ཡོད་འདུག

རྒྱ་ནག་གི་མེ་ཤུགས་འཕུར་མདའ་ ༡༥༠༠ ཡིས་ཐའེ་ཝན་མཚོ་འགག་དམིགས་འབེན་དུ་བཟུང་ཡོད་སྐོར་ཐའེ་ཝན་བདེ་སྲུང་ལྷན་ཁང་གིས་བསྒྲགས་ཡོད། ད་ཆར་ཐའེ་ཝན་མཚོ་འགག་ལ་དྲག་ཆས་དམག་དཔུང་ ༢༠༠༠༠༠ ཡོད་པ་དང་། རྒྱ་ནག་ལ་དྲག་པོའི་དམག་དཔུང་ས་ཡ་ ༢.༣ ཡོད་འདུག

ཐའེ་ཝན་བདེ་སྲུང་བློན་ཆེན་ཧྥིང་ཧྲི་ཁུན་གྱིས། འདི་ལོར་རྒྱལ་ཁབ་ཀྱི་ཐོན་སྐྱེད་སྤྱི་འབོར་ (GDP) ནས་དམག་དོན་ཐད་བརྒྱ་ཆ་གཉིས་གཏོང་རྒྱུ་དང་། ༢༠༡༨ ལོར་ཇེ་མང་དུ་བཏང་སྟེ། ཐའེ་ཝན་གྱི་སྔོན་རྩིས་མཐོ་ཤོས་མ་འོངས་ལོ་ངོ་ ༡༠ རིང་གི་ཐའེ་ཝན་གྱི་དྲག་ཆས་དམག་དོན་ལ་གཏོང་དགོས་ཞེས་ཡོད་བརྗོད་འདུག

ལྕམ་ཚའེ་ཡེན་ཝན་གྱིས་ཐའེ་ཝན་གྱི་སྲིད་དབང་བཟུང་བ་དང་། ལྷག་པར་དུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཌི་ཊི་རུམ་ཕི་དང་ལྕམ་ཚའེ་ཡེན་ཝན་གཉིས་བར་ཁར་པར་བརྒྱུད་བཀའ་མོལ་བྱུང་བར་བརྟེན་ཏེ། པེ་ཅིན་གཞུང་གིས་ཐའེ་ཝན་གཞུང་གཉིས་བར་འབྲེལ་མོལ་བྱ་རྒྱུ་ཕྱིར་འཐེན་བྱས་ཏེ། ཐའེ་ཝན་མཚོ་འགག་གི་ཉེ་འཁྲིས་སུ་དྲག་པོའི་དམག་སྦྱོང་བྱེད་ཀྱིན་ཡོད།

༡༩༧༩ ལོར་ཝ་ཤིན་ཊོན་གྱིས་པེ་ཅིན་གཞུང་ལ་ཐའེ་ཝན་ནི་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་འཛིན་བྱས་རྗེས། ཨ་རི་དང་ཐའེ་ཝན་མཚོ་འགག་གཉིས་བར་ཕྱི་སྲིད་འབྲེལ་ལམ་ཆད་ཡོད་ཀྱང་། དྲག་ཆས་ཀྱི་རྒྱབ་སྐྱོར་ཐད་ཨ་རི་ནི་ཐའེ་ཝན་མཚོ་འགག་གི་ཕྱོགས་མཐུན་རྒྱལ་ཁབ་སྟོབས་ཤུགས་ཆེ་ཤོས་ཤིག་ཆགས་ཡོད།

དེ་རིང་གི་གསལ་བསྒྲགས་དེ་ནི་རྒྱ་ནག་གི་དྲག་ཤུགས་འོག ཐའེ་ཝན་མཚོ་འགག་གི་འཇིགས་ཉེན་ཇེ་ཆེར་འགྲོ་བཞིན་པ་དང་འབྲེལ་ཏེ་ཞུས་པ་ཞིག་ཡིན་འདུག ཐའེ་ཝན་སྲིད་འཛིན་གཞོན་པ་ཟུར་བ་ཨ་ནི་ཊི་ལུ་ (Annette Lu) ལགས་ཀྱི་སྐུ་སྲུང་ཟུར་བས་རྒྱ་ནག་གི་དམག་དཔུང་གསར་བ་ཚོར་ལྐོག་འབྲེལ་བྱས་ཏེ། རྒྱ་ནག་གི་གསང་བའི་དམག་དོན་ལ་གསང་ཉུལ་བྱས་པའི་ཉེས་འཛུགས་འོག་ཁོ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་ཚུལ་ཐའེ་ཝན་གྱི་གསར་ལམ་ཁག་ཏུ་ཐོན་ཡོད་འདུག

ཟླ་འདིའི་ཟླ་མགོར་ཐའེ་ཝན་རྒྱ་ཡོངས་བདེ་སྲུང་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་ཕིན་ཧྲིང་ཁྲུ་ (Peng Sheng-chu) ཡིས་ཐའེ་ཝན་གྲོས་ཚོགས་ནང་། ད་ཆར་རྒྱ་ནག་གིས་ཐའེ་ཝན་ནང་ “ཉུལ་ཞིབ་བྱེད་པའི་གནས་སྟངས་སྔར་བས་ཚབས་ཆེན་ཆགས་འདུག” ཅེས་གསར་འགྱུར་བརྒྱུད་ལམ་ཁག་ཏུ། ད་ཆར་ཐའེ་ཝན་ནང་རྒྱ་ནག་གི་གསང་ཉུལ་བ་ ༥༠༠༠ ཡོད་སྲིད་སྐོར་བསྒྲགས་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༣/༡༧

Leave a Reply