རྒྱ་ནག་གིས་ཐའེ་ཝན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་སུ་ཞུགས་མ་བཅུག

རྒྱ་ནག་གཞུང་གིས་སུད་སིར་ཚོགས་བཞིན་པའི་ད་ལོའི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་སྟེང་ཐའེ་ཝན་འཕྲོད་བསྟེན་ལྷན་ཁང་དང་ཐའེ་ཝན་གྱི་གསར་འགོད་པ་མཉམ་ཞུགས་བྱེད་དུ་བཅུག་མི་འདུག

ཨེ་ཕེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཕྱི་ཚེས་ ༢༢ ནས་ ༣༡ བར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༧༠ པ་སུད་སིའི་རྒྱལ་སར་འཚོགས་བཞིན་ཡོད་པ་དང་། དེར་འཛམ་གླིང་རྒྱལ་ཁབ་ ༡༩༤ མཉམ་ཞུགས་བྱས་ཡོད་ཀྱང་རྒྱ་ནག་གིས་ཐའེ་ཝན་ཚོགས་ཆེན་དེར་མཉམ་ཞུགས་བྱེད་པའི་ཐོབ་ཐང་མེད་ལུགས་བཤད་ཡོད་སྟབས། ཐའེ་ཝན་མཚོ་འགག་གི་འཕྲོད་བསྟེན་བློན་ཆེན་དང་གསར་འགོད་པ་ཚོ་འདི་ལོའི་ཚོགས་ཆེན་ཐོག་ཞུགས་ཐུབ་མེད་པ་རེད།

ཁ་སང་གཟའ་ཉི་མའི་ཉིན། རྒྱ་ནག་གི་འཕྲོད་བསྟེན་བློན་ཆེན་ལེ་པེན་ (Li Bin) གྱིས། “ཐའེ་ཝན་གཞུང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་མཉམ་ཞུགས་བྱེད་རྒྱུར་འགོག་རྐྱེན་བཟོ་མཁན་དེ་ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པ་རེད། གལ་ཏེ་ཐའེ་ཝན་གྱིས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་ལེན་བྱས་པ་ཡིན་ན། བྱེད་སྒོ་གང་ཡིན་ཡང་ཕྱོགས་གཉིས་བར་འབྲེལ་མོལ་ཡོང་གི་རེད” ཅེས་དང་། “སྐབས་དེར་ཐའེ་རྒྱ་གཉིས་བར་གྱི་འབྲེལ་ལམ་རྒྱུན་འཁྱོངས་བྱས་ཏེ། ཐའེ་ཝན་མཚོ་འགག་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཁོངས་སུའང་ཞུགས་ཆོག་གི་རེད། ཐའེ་ཝན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་བྱེད་སྒོར་ཞུགས་ཏེ། འཕྲོད་བསྟེན་བདེ་སྲུང་དང་འབྲེལ་བའི་ཐའེ་རྒྱ་གཉིས་བར་གྱི་དཀའ་རྙོག་ཐོག་མཉམ་ལས་བྱེད་དགོས་པ་ཞིག་ཆགས་ཡོད”ཅེས་ཟེར།

རྒྱ་ནག་གི་བཀག་འགོག་དང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ངོས་ལེན་བྱེད་མིན་ལ་མ་བལྟས་པར། ཐའེ་ཝན་གྱི་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་སྐུལ་འདེད་འོག ཐའེ་ཝན་འཕྲོད་བསྟེན་བློན་ཆེན་ཇི་ནི་ཝ་གྲོང་ཁྱེར་དུ་འབྱོར་ཡོད་འདུག

ན་ནིང་ལྕམ་ཚའེ་ཡེན་ཝན་ལགས་ཐའེ་ཝན་གྱི་སྲིད་འཛིན་དུ་བདམས་ཐོན་བྱུང་རྗེས། ཐའེ་རྒྱ་གཉིས་བར་གྱི་འབྲེལ་ལམ་ཆད་ཡོད་པ་དང་། ལོ་སྔོན་མའི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོགས་ཆེན་སྐབས། ཐའེ་ཝན་འཕྲོད་བསྟེན་བློན་ཆེན་རྒྱ་ནག་གི་འཕྲོད་བསྟེན་བློན་ཆེན་ལེ་པེན་ལ་ཐུག་ཕྲད་བྱས་ཏེ། འཕྲོད་བསྟེན་བདེ་སྲུང་ཐད་ནས་ཐའེ་རྒྱ་གཉིས་མཉམ་ལས་ཡོང་བའི་རེ་བ་བཏོན་ཡང་། སྐབས་དེའི་བདུན་ཕྲག་ཁ་ཤས་རྗེས་ལ་ལྕམ་ཚའེ་ཡེན་ཝན་གྱིས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་ལེན་མ་བྱས་སྟབས། རྒྱ་ནག་ཕྱོགས་ནས་ཐའེ་རྒྱ་གཉིས་བར་གྱི་འབྲེལ་ལམ་བཅད་པ་རེད།

རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གི་དབང་ཤུགས་ཆེ་ཤོས་རྒྱལ་ཁབ་ ༥ ཡི་གྲས་སུ་ཡོད་སྟབས། རྒྱ་ནག་གིས་ཐའེ་ཝན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ནང་ཞུགས་པར་འགོག་རྐྱེན་བཟོ་བཞིན་ཡོད། རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གི་དབང་ཤུགས་ཆེ་ཤོས་འཛིན་མཁན་རྒྱལ་ཁབ་ ༥་ནི་རྒྱ་ནག་དང་ཧྥན་རན་སི། ཨུ་རུ་སུ་དང་དབྱིན་ཇི། ཨ་རི་བཅས་རེད།

༡༩༤༩ ལོའི་གོ་གུང་གཉིས་ཀྱི་ཟིང་འཁྲུག་ཁྲོད། ཐའེ་རྒྱ་གཉིས་ཁ་ཁར་སོང་བྱུང་རྗེས། རྒྱ་ནག་གིས་མུ་མཐུད་ཐའེ་ཝན་མཚོ་འགག་ནི་རྒྱ་ནག་གི་མངའ་ཁོངས་ཡིན་པ་དང་། གལ་ཏེ་ཐའེ་ཝན་གྱིས་རྒྱ་ནག་གཅིག་གི་སྲིད་ཇུས་དང་ལེན་མ་བྱས་ཚེ། དྲག་ཤུགས་ལ་བརྟེན་ཏེ་ཐའེ་ཝན་དབང་སྒྱུར་བྱ་རྒྱུ་ཡིན་སྐོར་རྗོད་ཀྱི་ཡོད་ཀྱང་། ད་ལྟའི་ཐའེ་ཝན་དམངས་གཙོའི་གཞུང་གིས་ཐའེ་ཝན་རང་བཙན་གྱི་ལངས་ཕྱོགས་བཟུང་ཡོད།

ད་སྐབས་ཐའེ་ཝན་མཚོ་འགག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་མིན་སྟབས། རྒྱལ་ཚོགས་ཀྱིས་ཐའེ་ཝན་མཚོ་འགག་འདི་ལོའི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་མཉམ་ཞུགས་བྱེད་རྒྱུར་ངོས་ལེན་བྱས་མེད་པ་མ་ཟད། རྒྱལ་ཚོགས་ཀྱིས་ད་དུང་ཐའེ་ཝན་གྱི་གསར་འགོད་པ་ཚོ་ཡང་ཉིན་བཅུའི་རིང་གི་ཚོགས་ཆེན་ཐོག་མཉམ་ཞུགས་བྱེད་དུ་བཅུག་མེད་པ་རེད།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༥/༢༢

Leave a Reply