ཐའེ་ཝན་ལ་འཇིཊ་སྐུལ་བྱས།

རྒྱ་ནག་གཞུང་གིས་དམག་ཤུགས་སྤུངས་ཏེ་ཐའེ་ཝན་གྱི་རྒྱལ་སྲུང་བདེ་འཇགས་ཐད་འཇིགས་སྐུལ་བྱེད་བཞིན་པའི་སྙན་ཐོ་བཏོན་འདུག

དེ་རིང་ཐའེ་ཝན་རྒྱལ་སྲུང་ལྷན་ཁང་ནས་དུས་ཡུན་ལོ་ ༤ ཡི་རྒྱལ་སྲུང་ཞིབ་འཇུག་སྙན་ཐོ་(Quadrennial Defence Review,QDR)ཡོངས་བསྒྲགས་བྱས་ཡོད་པ་དང་། ཤོག་ངོས་ ༧ ཅན་གྱི་སྙན་ཐོ་དེའི་ཡ་གླིང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་འཇགས་ཚན་པའི་ནང་།  རྒྱ་ནག་གཞུང་གིས་མུ་མཐུད་དམག་གྲོན་འཕར་སྣོན་བྱས་ཏེ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་བསྒྱུར་བར་ཤུགས་གནོན་དང་། དམག་ཤུགས་གོང་མཐོར་གཏོང་བཞིན་པ་དེས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བློ་འཚབ་བསླངས་བ་མ་ཟད། ཐའེ་ཝན་གྱི་རྒྱལ་སྲུང་བདེ་འཇགས་ཐད་འཇིགས་སྣང་བསྐུལ་གྱི་ཡོད་སྐོར་བརྗོད་པ་རེད།

ཡང་སྙན་ཐོ་དེའི་ནང་ཐའེ་ཝན་དམག་དོན་གནས་བབ་སྐོར་བཀོད་པའི་ནང་། རྒྱ་ནག་བཅིངས་གྲོལ་དམག་གིས་ཐའེ་ཝན་གྱི་ཤར་ནུབ་མཚོ་ཁ་ནས་ དུས་མཉམ་དུ་བཙན་འཛུལ་གྱི་དཔུང་ཤུགས་སླེབ་ཀྱི་ཡོད་པ་དང་། ཐའེ་ཝན་དམག་ཕྱོགས་ནས་གྲངས་འབོར་གྱི་ཐོག་ནས་འགྲན་རྒོལ་བྱེད་ཐབས་མེད་པས་ངེས་པར་དུ་གནས་ཚད་མཐོ་རུ་གཏོང་བར་བརྩོན་ལེན་དགོས་སྐོར་དང་། འདས་པའི་ལོ་མང་རིང་ལག་བསྟར་བྱས་པའི་འགོག་སྲུང་བརྟན་སྲུང་དང་འགོག་རྒོལ་ནུས་ལྡན་ཞེས་པའི་འཐབ་བྱུས་ལམ་སྟོན་དེའང་འགོག་སྲུང་བརྟན་སྲུང་དང་གནད་རིམ་འགོག་རྒོལ་དུ་བསྒྱུར་བཅོས་བྱས་ཡོད་སྐོར་བརྗོད་ཡོད་པ་རེད།

ཐའེ་ཝན་སྲིད་གཞུང་གསར་པའི་འཐབ་བྱུས་དེ་ནི་ལྕམ་ཚེ་ཡེན་ཝིན་གྱིས་རྒྱལ་སྲུང་རང་ཐག་རང་གཅོད་ཀྱི་འཐབ་བྱུས་བཞི་བཏོན་པ་བརྒྱུད། ཟླ་འདིའི་ཚེས་ ༢ ཉིན་ཐའེ་ཝན་རྒྱལ་སྲུང་བློན་ཆེན་ཧྥུན་ཧྲི་ཁན་གྱིས་ཁྲིམས་བཟོ་ལྷན་ཁང་ལ་སྙན་འབུལ་ཞུས་ཡོད་པ་མ་ཟད། ཧྥུན་ཧྲི་ཁན་ལགས་ཀྱིས་འཐབ་བྱུས་གསར་པ་དེ་ནི་འགོག་སྲུང་མ་ཡིན་པར་རིམ་པ་བཞིན་མེད་པ་བཟོ་རྒྱུ་དང་། བྱེད་ཐབས་འདྲ་མིན་གྱི་ཐོག་ནས་དགྲ་ཕྱོགས་ལ་འཐབ་རྒོལ་བྱེད་པ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད། གནད་དོན་དབྱེ་ཞིབ་པ་ཚོས་ཐའེ་ཝན་སྲིད་གཞུང་གསར་པའི་འཐབ་ཇུས་དེ་སྔར་དང་ཁྱད་པར་དེ་ཙམ་མེད་ལ། ལྷག་པར་དུ་ལག་བསྟར་གྱི་ཐོག་ནས་ལམ་ལྷོངས་འབྱུང་ཁག་པོ་ཡིན་སྐོར་བརྗོད་འདུག

ཊོམ་ཕུ་མཆོག་ཨ་རིའི་སྲིད་འཛིན་དུ་བདམས་ཐོན་བྱུང་རྗེས། སྲིད་འཛིན་ཊོམ་ཕུ་མཆོག་གིས་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་ཡེན་ཝིན་ལ་ཞལ་པར་ཐོག་ནས་བཀའ་མོལ་གནང་བའི་གནད་དོན་གྱི་གཙོས་ཐའེ་ཝན་གྱི་གནད་དོན་དང་། ལྷོ་རྒྱ་ནག་རྒྱ་མཚོའི་རྩོད་རྙོག ཨ་རྒྱའི་དངུལ་རྩའི་ཚོང་འབྲེལ་སོགས་ཀྱི་ཐད་དོགས་འདྲོག་དང་གླེང་གཞི་ཆེན་པོ་བྱུང་ཡོད་ཀྱང་། ཟླ་སྔོན་མའི་ཕྱི་ཚེས་ ༠༩ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཆེས་ཐོག་མར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ཁ་པར་བརྒྱུད་བཀའ་མོལ་གནང་བ་མ་ཟད། རྒྱ་ནག་གཅིག་གི་ལངས་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་རེད།

ཁ་སང་ཕྱི་ཚེས་ ༡༥ ཉིན་ནས་བཟུང་ཨ་རིའི་རྒྱལ་སྲིད་དྲུང་ཆེ་རེཀ་ཊིལ་ལོར་སོན་(Rex Tillerson)ཡིས་ཉི་ཧོང་དང་ལྷོ་ཀོ་རི་ཡ། རྒྱ་ནག་སོགས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཅིག་ནང་རྒྱལ་དོན་གཟིགས་སྐོར་དུ་ཕེབས་བཞིན་ཡོད་པ་དང་བསྟུན། ཁོང་གིས་གསར་འགོད་པར་འདི་ལོའི་ཕྱི་ཟླ་ ༤ པའི་ནང་ཨ་རིའི་ནང་སྲིད་འཛིན་ཊོམ་ཕུ་དང་ཞི་ཅིན་ཕིན་གཉིས་ཐུག་འཕྲད་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད། ཡིན་ནའང་། ཁ་སང་གསར་འགོད་ལྷན་ཚོགས་ཐོག་སྲིད་བློན་ལི་ཁེ་ཆང་གིས་ཨ་རྒྱ་གཉིས་ཀྱི་ཕྱི་འབྲེལ་ལྷན་ཁང་ནས་ཐོག་མའི་མཇལ་འཕྲད་སྐོར་ལ་འབྲེལ་མོལ་བྱེད་བཞིན་ཡོད་སྐོར་ཙམ་ལས་ཁ་གསལ་བརྗོད་མེད་པ་རེད།

 

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༣/༡༦

Leave a Reply