ཐེ་ཝན་རང་དབང་ཐང་ཆེན་དུ་བོད་ཀྱི་ལོ་རྒྱུས་འགྲེམས་སྟོན།

ཁ་སང་ཕྱི་ཚེས་ ༨ ཉིན་ཐེ་ཝན་རང་དབང་ཐང་ཆེན་དུ། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་གནང་ཡོད་འདུག

ཉིན་དེའི་སྔ་དྲོའི་ཆུ་ཚོད་ ༡༠ པའི་ཐོག་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་གསར་འགོད་པར་འགྲེམས་སྟོན་ངོ་སྤྲོད་གནང་དོན། ཐེ་ཝན་ནང་བོད་པའི་གསུམ་བཅུའི་དུས་དྲན་སྲུང་གཙི་བྱེད་པའི་ཁྲོམ་སྐོར་དེ་ཚེས་ ༥ ཉིན་སྤེལ་དོན་ནི། ༡༩༨༨ ཕྱི་ཟླ་ ༣ ཚེས་ ༥ ཉིན་དང་། ༡༩༨༩ ཕྱི་ཟླ་ ༣ ཚེས་ ༥ ནས་ཚེས་ ༧ ཉིན་བར་བཅས་སུ། བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཚོས་སྙིང་སྟོབས་ཆེན་པོས་གཞི་རྒྱ་ཆེ་བའི་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་དང་། ཕྱི་ཟླ་ ༣ ཚེས་ ༨ ཉིན་ནི་ ༡༩༨༩ ལོའི་ཟླ་ ༣ ཚེས་ ༨ ཉིན་རྒྱ་ནག་གཞུང་གིས་ལྷ་སར་དྲག་པོའི་དམག་ཁྲིམས་བསྡམས་པའི་དུས་དྲན་རེད། ཅེས་སོགས་བརྗོད་ཡོད་འདུག

ད་དུང་ཁོང་གིས། རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་ཅིག་འབྲི་བཞིན་ཡོད་པ་དང་། བོད་མིའི་ངོས་ནས་བོད་ཀྱི་ལོ་རྒྱུས་ཤིག་འབྲི་བཞིན་ཡོད། ཐེངས་འདིར་འགྲེམས་སྟོན་བྱས་པའི་ནང་དོན་ནི་ཕྱི་རྒྱལ་མི་རིགས་ཤིག་གིས་བྲིས་པའི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཡིན། ཞེས་ངོ་སྤྲོད་གནང་ཡོད་འདུག

བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གིས་ཕྱི་ཟླ་ ༢ ཚེས་ ༡ ནས་རེས་གཟའ་ལྷག་པ་འཆར་ཅན་ལ་རྐང་འཁོར་བཞོན་ཏེ་གསུམ་བཅུའི་དུས་དྲན་ཆེད་བོད་དོན་ཁྱབ་བསྒྲགས་བྱེད་བཞིན་ཡོད་པའི་མཐའ་མ་དེ་ཡིན་སྟབས། ཉིན་དེར་ཟླ་བ་ཚེ་རིང་ལགས་ཀྱིས་རྐང་འཁོར་བཞོན་ཏེ་བོད་དོན་ངོ་སྤྲོད་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཇལ་དར་བསྒྲོན་ཡོད་འདུག

འགྲེམས་སྟོན་གྱི་ནང་དོན་གཙོ་བོ་ནི་ཧྥ་རན་སིའི་རྩོམ་པ་པོ་སྐུ་ཞབས་ Claude Arpi ལགས་ཀྱིས་རྩོམ་སྒྲིག་གནང་བའི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་བརྙན་དེབ་ཅིག་ཡིན་ཞིང་། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་འགྲེམས་སྟོན་ཚན་པས་དབྱིན་ཡིག་ཐོག་པར་སྐྲུན་དང་། ཕྱི་འབྲེལ་རྒྱ་ཡིག་ཚན་པས་འགན་ཁུར་གྱིས་རྒྱ་ཡིག་ཐོག་ཕབ་སྒྱུར། ཐེ་ཝན་གངས་ལྗོངས་དཔེ་སྐྲུན་ཁང་ནས་རྒྱ་ཡིག་ཐོག་པར་སྐྲུན་གནང་ཡོད་འདུག

འགྲེམས་སྟོན་གྱི་པར་རིས་རྣམས་བོད་ལུགས་ཀྱི་རས་གུར་ནང་བཤམས་ཡོད་པ་དང་། ཚེས་ ༡༠ དགོང་དྲོར་གསུམ་བཅུའི་དུས་དྲན་སྲུང་གཙི་དང་། བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གུས་བརྩི་མཚོན་ཆེད་ཞི་བའི་ཁྲོམ་སྐོར་དང་མཆོད་འབུལ་སྨོན་ལམ་སོགས་གནང་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༡༨ ཉིན་འགྲེམ་སྟོན་མཇུག་བསྒྲིལ་རྒྱུ་ཡིན་འདུག

གནས་ཚུལ་གཏོང་མཁན་ཐེ་ཝན་དོན་གཅོད་ཁང་།

བསྐྱར་བཅོས།: ༢༠༡༧/༠༣/༡༠

Leave a Reply