དེང་སྐབས་བོད་ནས་ཡོང་མཁན་ཁྲོད་ན་འཕྲོད་བསྟེན་སྐྱབས་བཅོལ་བའང་འདུག

ཉེ་བའི་ལོ་འགའི་ཚུན་ལ་བོད་ནས་རྒྱ་གར་ནང་སྐྱབས་བཅོལ་དུ་ཡོང་མཁན་ཇེ་ཉུང་དུ་ཕྱིན་ཡོད་པ་དང་། བོད་མི་རེ་ཟུང་འབྱོར་གྱི་ཡོད་པའང་ཆབ་སྲིད་སྐྱབས་བཅོལ་བ་དང་ན་ཚར་སྨན་བཅོས་བྱེད་མཁན། གནས་མཇལ་བ་དང་གཉེན་འཕྲད་དུ་ཡོང་བ་སོགས་ཅི་རིགས་ཤིག་ཡོད་འདུག

ཕྱི་ལོ་ ༢༠༠༨ ཡས་མས་ཤིག་ནས་བོད་ནས་རྒྱ་གར་ནང་སྐྱབས་བཅོལ་དུ་ཡོང་མཁན་ཇེ་ཉུང་དུ་ཕྱིན་ཡོད། དེ་ལ་རྒྱུ་རྐྱེན་སྣ་ཚོགས་ཡོད་ཀྱང་། ཡོངས་གྲགས་ཐོག་རྒྱ་ནག་གཞུང་གིས་བོད་པའི་ས་མཚམས་ཁག་དམ་དྲག་ཆེ་རུ་བཏང་བ་མ་ཟད། བོད་ནང་གི་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་ཡོངས་ལ་དྲག་པོའི་ཁྲིམས་གཞི་ལག་བསྟར་བྱས་ཏེ། བོད་མི་ཚོ་བོད་ནང་ཁུལ་ནས་ཀྱང་འགུལ་སྐྱོད་བྱེད་ཐུབ་ཀྱི་མེད་པར་ངོས་འཛིན་བྱེད་ཀྱིན་ཡོད། ཁ་ཤས་ཀྱིས་བོད་ནང་གི་དཔལ་འབྱོར་གནས་སྟངས་དང་ལས་ཀའི་གོ་སྐབས་ཕྲན་བུ་ཡག་ཏུ་ཕྱིན་ཏེ་སྐྱབས་བཅོལ་དུ་ཡོང་མཁན་ཇེ་ཉུང་དུ་སོང་བར་ངོས་འཛིན་བྱེད་པ་དང་། རེ་ཟུང་ཞིག་གིས་རྒྱ་ནག་གི་འཆར་ལྡན་བུ་སྐྱེས་སྲིད་བྱུས་འོག་ལོ་རབས་བརྒྱད་ཅུ་དགུ་བཅུ་ནས་བོད་ནང་གི་མི་འབོར་ཇེ་ཉུང་དུ་ཕྱིན་པ་དང་། བརྡ་འཕྲིན་བརྒྱུད་ལམ་ཤུགས་ཆེ་རུ་ཕྱིན་པ་དང་བསྟུན་ཏེ་བོད་ནང་གི་བོད་མི་ཚོས་རྒྱ་གར་སོགས་ཕྱི་ཕྱོགས་ཀྱི་གནས་སྟངས་མང་པོ་ཞིག་ཧ་གོ་བ་སོགས་ལ་བརྟེན་ཏེ་སྐྱབས་བཅོལ་དུ་ཡོང་མཁན་ཉུང་དུ་ཕྱིན་པར་ངོས་འཛིན་བྱེད་བཞིན་ཡོད།

བོད་ནས་རྒྱ་གར་ནང་ཡོང་མཁན་བོད་མི་སྐྱབས་བཅོལ་བ་ཆེས་མང་བའི་དུས་ཚོད་ནི་ཕྱི་ལོ་ཉིས་སྟོང་ལྔ་དྲུག་ལོ་ཡིན་པ་དང་། སྐབས་དེར་ལོ་རེར་བོད་མི་ཉིས་སྟོང་ནས་སུམ་སྟོང་བརྒལ་བ་ཡོང་གི་ཡོད་ཀྱང་། ན་ནིང་དང་ད་ལོར་བོད་མི་ལྔ་བཅུ་དྲུག་ཅུ་ཙམ་ལས་འབྱོར་མེད་པ་དང་། ད་ལོའི་ཕྱི་ཟླ་དང་པོའི་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་ཚུན་ལ་བོད་མི་ ༦ འབྱོར་ཡོད་ཅིང་། དེ་དག་ཁྲོད་གནས་མཇལ་དང་གཉེན་འཕྲད། ན་ཚར་སྨན་བཅོས་བྱེད་པར་ཡོང་བ་སོགས་ཡོད་འདུག

ཟླ་འདིའི་ཚེས་ ༢ ཉིན་འདི་གའི་གསར་འགོད་པ་དྷ་རམ་ས་ལའི་དབུས་སྣེ་ལེན་ཁང་དུ་བསྐྱོད་དེ་གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན། ད་ལྟའི་ཆར་དབུས་སྣེ་ལེན་ཁང་དུ་སྔར་ལོའི་ཕྱི་ཟླ་དགུ་བ་ནས་འབྱོར་བའི་བུ་མོ་ནད་པ་ཞིག་དང་། གཞན་ཕོ་ནད་པ་ཞིག་དང་ཁོ་རང་གི་ནང་མི་སོགས་བསྡོམས་པའི་མི་དྲུག་ཡོད་པ་དང་། ཕ་ཡུལ་ཁམས་ལི་ཐང་ནས་ཡིན་ཞིང་མིང་བཤད་འདོད་མེད་པའི་བུ་མོ་ནད་པ་དེ། སྔོན་ཆད་རྒྱ་ནག་གི་སྨན་ཁང་ཞིག་ཏུ་རྒྱ་སྒོར་ཁྲི་ ༤༠ ལྷག་གི་སྨན་བཅོས་བྱས་ཀྱང་ནད་ཚ་དྲག་སྐྱེལ་མ་བྱུང་བ་མ་ཟད། སྨན་ཁང་གིས་ཁོ་མོའི་སྙིང་བརྗེ་བོ་རྒྱག་དགོས་པ་དང་། སྙིང་བརྗེ་བོ་རྒྱག་པར་རྒྱ་སྒོར་ཁྲི་ ༨༠ ལྷག་དགོས་སྐོར་བཤད་དེ། སྨན་བཅོས་བྱེད་པར་དཔལ་འབྱོར་གྱི་དཀའ་ངལ་འཕྲད་དེ་རྒྱ་གར་ནང་སྨན་བཅོས་བྱེད་དུ་ཡོང་བ་ཡིན་སྐོར་བརྗོད་བྱུང་།

ཡང་ཕ་ཡུལ་ཁམས་ཡིན་པའི་ནད་པ་གཞན་ཞིག་གི་ནང་མིས་ “ངའི་སྤུན་མཆེད་ལ་ནད་ཚ་ཞིག་ཕོག་སྟེ་བོད་ནས་རྒྱ་གར་ནང་སྨན་བཅོས་བྱེད་དུ་ཡོང་བ་ཡིན། ངའི་སྤུན་མཆེད་ཀྱི་ལག་པ་ཡ་གཅིག་ནད་པ་ཡིན་སྟབས། ང་དང་ངའི་བཟའ་ཟླ་གཉིས་ཁོའི་རོགས་པར་ཡོང་ཡོད། དེང་སྐབས་བོད་ནང་ཕྱི་སྐྱོད་ལག་འཁྱེར་རེག་རྒྱུ་ཁག་པོ་རེད། ཡིན་ནའང་ངོ་ཤེས་བརྒྱུད་དེ་ས་གནས་ཉེན་རྟོག་པར་རྒྱ་སྒོར་ ༤༠༠༠ ཡས་མས་སྤྲད་ན་རག་གི་འདུག ང་ཚོ་མི་བཞི་མཉམ་དུ་ཡོང་བ་ཡིན། ང་ཚོས་ངོ་ཤེས་ཤིག་བརྒྱུད་དེ་ཉེན་རྟོག་པར་ཁྱོན་བསྡོམས་རྒྱ་སྒོར་ཆིག་ཁྲི་ལྷག་སྤྲད་དེ་ཕྱི་སྐྱོད་ལག་འཁྱེར་རག་སོང” ཞེས་བརྗོད་སོང་།

རྒྱལ་སྤྱིའི་ཐོག་རྒྱ་ནག་ནི་འཛམ་གླིང་གི་དཔལ་འབྱོར་ཡར་རྒྱས་ཆེ་ཤོས་ཨང་དང་པོ་དང་གཉིས་པར་ངོས་འཛིན་བྱེད་པ་དང་། རྒྱ་ནག་ནང་ཁུལ་དུའང་འཛུགས་སྐྲུན་འཕེལ་རྒྱས་དང་མི་མང་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་བཞིན་ཡོད་སྐོར་ཤུགས་ཆེན་སྒྲོག་གི་ཡོད་ཀྱང་། བོད་གཙོས་པའི་གྲངས་ཉུང་མི་རིགས་ས་ཁུལ་ཁག་དང་། རྒྱ་ནག་ནུབ་བྱང་མཐའ་མཚམས་ཁག་གི་དཔལ་འབྱོར་གནས་སྟངས་ད་དུང་ཧ་ཅང་སྐྱོ་བོ་ཡིན་པ་མ་ཟད། ས་ཁུལ་དེ་དག་ནང་འཛུགས་སྐྲུན་བྱེད་བཞིན་པ་དག་ཀྱང་། དམག་མི་དབོར་འདྲེན་དང་གཏེར་ཁ་སྔོག་འདོན། རྒྱ་མི་གནས་སྤོ་སོགས་ཀྱི་ཆེད་དུ་ཡིན་འདུག

སྣེ་ལེན་ཁང་དུ་སྡོད་པའི་གནས་མཇལ་བ་ཞིག་གིས་ “རྒྱལ་ཁབ་ཀྱིས་ན་ནིང་ད་ལོར་ང་ཚོའི་ས་ཆའི་རི་མང་པོར་ཨུ་ཁུང་བཏོད་ནས་གཞུང་ལམ་དང་ལྕགས་ལམ་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དེ་དག་གཏེར་ཁ་སྔོག་འདོན་དང་། ཆུ་རགས་རྒྱག་རྒྱུའི་ཆེད་དུ་རེད་མ་གཏོགས་ས་གནས་མི་མང་གི་འཚོ་བའི་ཆེད་དུ་མ་རེད། དཔེར་ན། ངའི་ཕ་ཡུལ་ནི་ས་གནས་ཁུག་ཀྱོག་ཅིག་ཡིན། ད་ཆར་ད་དུང་ཁ་པར་དང་རྒྱ་ཕར་ཞོག ཐ་ན་ཡུལ་མི་ཚོར་ཆུ་དང་གློག་གི་དཀའ་ངལ་ཡང་ཆེན་པོ་ཡོད་པ་རེད།” ཅེས་དང་། “རྒྱ་ནག་གཞུང་གིས་བོད་ནང་ཡར་རྒྱས་བཏང་ཡོད་སྐོར་ཤུགས་ཆེན་པོ་ལབ་ཀྱི་ཡོད་པ་དེ་དག་བདེན་པ་མ་རེད། ཕྱི་རྒྱལ་གསར་འགོད་པ་དང་ཡུལ་སྐོར་སྤྲོ་འཆམ་པ་ཚོ་འགྲོ་ས་དང་ཐུག་ས་དེ་དག་ཚང་མ་གཞུང་གིས་གོ་སྒྲིག་བྱས་པ་ཤ་སྟག་རེད། ཁོ་རང་ཚོས་བོད་ནང་གི་གནས་སྟངས་དངོས་གནས་དེ་ཤེས་ཐུབ་ཀྱི་ཡོད་པ་མ་རེད།” ཅེས་བརྗོད་བྱུང་།

ཁོ་རང་གིས་མུ་མཐུད་དུ་བརྗོད་དོན། “བོད་ནང་གི་འཚོ་བའི་ཡོང་འབབ་གཙོ་བོ་གཅིག་དབྱར་རྩ་དགུན་འབུ་རེད། སྤྱིར་བཏང་དབྱར་རྩྭ་དགུན་འབུའི་རིན་གོང་ཡག་པོ་ཡོད་ཀྱང་། ང་ཚོའི་ཕ་ཡུལ་དུ་དབྱར་རྩྭ་དགུན་འབུ་དེ་ཙམ་ཡོད་པ་མ་རེད། ཡིན་ནའང་དབྱར་རྩྭ་དགུན་འབུ་བསྐོ་མཁན་ཧ་ཅང་མང་པོ་རེད།” ཅེས་བརྗོད་སོང་།

བོད་ནས་རྒྱ་གར་ནང་སྐྱབས་བཅོལ་དུ་ཡོང་མཁན་ཚོར་སྣེ་ལེན་ཁང་བལ་ཡུལ་རྒྱལ་ས་ཀ་ཋ་མན་ཌུ་དང་། རྒྱ་གར་རྒྱལ་ས་ལྡི་ལི། དྷ་རམ་ས་ལ་བཅས་གཙོ་བོ་གསུམ་ཡོད་ལ། གསར་འགོད་པས་དྷ་རམ་ས་ལའི་དབུས་སྣེ་ལེན་ཁང་གི་དྲུང་འཕར་དཔལ་ལྡན་དོན་འགྲུབ་ལགས་སུ་བཅར་འདྲི་ཞུས་པ་ལྟར་ན། ལྟ་ད་དྷ་རམ་ས་ལའི་དབུས་སྣེ་ལེན་ཁང་དུ་ལས་བྱེད་ ༡༢ དང་ལྡི་ལི་སྣེ་ལེན་ཁང་དུ་ ༣ བལ་ཡུལ་སྣེ་ལེན་ཁང་དུ་ལས་བྱེད་ག་ཚོད་ཡོད་མེད་གསལ་ཁ་མི་འདུག

དྷ་རམ་ས་ལའི་དབུས་སྣེ་ལེན་ཁང་གི་ལས་འགན་གཙོ་བོ་ནི། བོད་ནས་སྐྱབས་བཅོལ་དུ་ཡོང་མཁན་ཚོར་སྣེ་ལེན་དང་། གཉེན་འཕྲད་དང་གནས་མཇལ་དུ་ཡོང་མཁན་ཚོར་རོགས་རམ་ལམ་སྟོན། དེ་བཞིན། ༧གོང་ས་མཆོག་ལ་མཇལ་ཁ་གོ་སྒྲིག་དང་། བོད་ནས་ཕེབས་པའི་ནད་པའི་རིགས་ལ་སྨན་བཅོས་མཐུན་འགྱུར་ཞུ་རྒྱུ་སོགས་ཡིན་པ་དང་། བོད་ནས་སྐྱབས་བཅོལ་དུ་ཡོང་མཁན་ཇེ་ཉུང་དུ་ཕྱིན་པ་དང་བསྟུན་ཏེ། དྷ་རམ་ས་ལའི་དབུས་སྣེ་ལེན་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་ཟབ་སྦྱོང་རིགས་གོ་སྒྲིག་ཞུ་བཞིན་ཡོད་པ་དང་། ད་ལྟའི་ཆར་རྩིས་ཞིབ་ཟབ་སྦྱོང་ཞིག་འཚོགས་བཞིན་འདུག་ཅིང་། ད་ལོ་ཁྱོན་ཟབ་སྦྱོང་ཁག་ ༡༡ ཙམ་གོ་སྒྲིག་ཞུས་ཡོད་སྐོར་དཔལ་ལྡན་དོན་གྲུབ་ལགས་ཀྱིས་བརྗོད་བྱུང་།།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༥/༠༦

Leave a Reply

2 thoughts on “དེང་སྐབས་བོད་ནས་ཡོང་མཁན་ཁྲོད་ན་འཕྲོད་བསྟེན་སྐྱབས་བཅོལ་བའང་འདུག

  1. གསར་འགྱུར་ཁ་གསལ་ཚིག་གསལ་རེད། ནད་པ་བོད་ནང་ནས་འགྲོ་སོང་གཏོང་མ་ཐུབ་པར་རྒྱ་གར་ནང་བོད་གཞུང་ལ་སྐྱབས་བཅོལ་དུ་ཡོང་མཁན་སྔོན་མ་ནས་མང་པོ་ཞིག་ཡོང་གི་ཡོད་ཀྱང་། བཙན་བྱོལ་ནང་ཡོང་ནས་ནད་ཚ་ཡག་པོ་ཆགས། གྲོད་ཁོག་རྒྱག་ནས་ཕྱི་རྒྱལ་དུ་སོང་ནས་དེ་དག་གིས་བོད་གཞུང་ལ་སྐྱོན་བརྗོད་བྱེད་ཀྱིན་ཡོད་པ་རེད།