དེང་གི་རྒྱ་ནག་ནང་གི་དྲི་རྟགས་ཅན་གྱི་གནད་དོན་ཞིག་ནི། བྱེད་རྒྱུ་ཡིན་ནམ་མིན་ཟེར་བ་འདི་རེད།

སངས་རྒྱས་དཀོན་མཆོག་གིས་དབྱིན་ཡིག་ལས་བོད་སྒྱུར་ཞུས།

དྲི་གཞིའི་གནད་དོན་ཞིག་སྟེ་ “བྱེད་ཀྱི་ཡིན་ནམ་མིན་” ཞེས་པ་རེད། འདི་དབྱིན་ཡིག་གི་རྩོམ་ཡིག་དག་ཏུ་སྐད་ཆ་ཤིན་ཏུ་གྲགས་ཆེ་བ་ཞིག་རེད། འོན་ཀྱང་། དེང་གི་རྒྱ་ནག་ལ་མཚོན་ན། བྱ་བ་ག་རེ་བྱས་ཀྱང་དེ་ལྟར་ཆགས་ཡོད། ཁྱེད་ཀྱིས་དེ་ལ་ཡིད་ཆེས་སམ། ངས་ཉིད་ལ་འགྲེལ་བཤད་བྱས་ཆོག

སྐད་ཆ་འདི་ཝེ་ལེམ་ཤིག་སུ་ཧྥེར་གྱི་བརྩམས་སྒྲུང་ <<རྒྱལ་སྲས་ཧམ་ལེ་ཐི། Hamlet, Prince of Denmark>> ཞེས་པའི་ནང་གི་ཁེར་ལབ་ཅིག་ལས་བྱུང་བ་རེད། ཧམ་ལེ་ཐིས་སྐད་ཆ་འདི་བཤད་སྐབས་ཁོ་རང་གནས་སྟངས་ཧ་ཅང་དཀའ་ཚེགས་ཅན་ཞིག་གི་ནང་དུ་ལྷུང་ཡོད་མོད། བརྩམས་སྒྲུང་ལས་འདི་ལྟར་བཤད་ཡོད། ཁོང་གི་ཕ་རྒྱལ་པོ་ཧམ་ལེ་ཐི་ཧ་ཅང་ལྐོག་གྱུར་ཞིག་གི་ནང་གྲོངས་ཡོད་པ་དང་། རྒྱལ་སྲས་ཀྱི་ཨ་ཞང་ཁཱ་ལོ་ཌི་སི་(Claudius)ཡིས་རྒྱལ་བོ་དུག་སྦྲུལ་གྱིས་བསད་པར་བསྒྲགས་ཏེ་རྒྱལ་སྲིད་ཁོ་རང་གིས་བདག་ཏུ་བཟུང་བ་རེད། ཡིན་ཡང་རྒྱལ་སྲས་ཀྱིས་རང་གི་ཕ་ལགས་གྲོངས་རྐྱེན་དེ་རང་གི་ཨ་ཞང་ལ་ཡིན་པར་དོགས་པ་ཟ་བཞིན་ཡོད།

ཉིན་ཞིག་ཕ་ལགས་ཀྱི་རྣམ་ཤེས་ཕྱིར་འཁོར་ཏེ་རྒྱལ་སྲས་ལ་ཁོ་རང་ལྡུམ་རའི་ནང་གཉིད་ཁུག་སྡོད་པའི་སྐབས་སུ་ཨ་ཞང་གིས་བསད་པ་ཡིན་ཚུལ་གསལ་བོར་བཤད་ཡོད། རྒྱལ་སྲས་ཀྱིས་དེ་གོ་བ་དང་མཉམ་དུ་ཁོང་ཁྲོ་རབ་ཏུ་འབར་ཞིང་། ད་ནི་ངེས་པར་དུ་དགྲ་ཤ་ལེན་དགོས་བསམ་ཡང་། ཁོང་གིས་ལས་དོན་དེ་ཇི་ལྟར་བསྒྲུབ་དགོས་སམ།

མ་གཞི་མི་ཚང་མས་ཁཱ་ལོ་ཌི་ཡིས་རྫུན་ཤོད་ཀྱིན་ཡོད་པ་ཤེས་ཀྱང་། ཧམ་ལེ་ཐི་ཡི་ཕ་ལགས་ཀྱི་རྣམ་ཤེས་ཀྱིས་ “ཌེན་མཱར་ཁི་(Denmark)(ཌེན་མཱར་ཁི་ནི་ཧམ་ལེ་ཐིའི་རྒྱལ་ཁབ་ཀྱི་མིང་ཡིན། སྒྱུར་བ་པོས།)ཡི་མི་ཚང་མས་ངའི་ཤི་རྐྱེན་རྫུན་བསྒྲགས་བྱས་པ་དེ་ལ་ཡིད་ཆེས་བྱས་ཏེ་གཏན་བརྗེད་དུ་སོང་འདུག” ཅེས་བཤད་ཡོད། འོན་ཀྱང་ཕ་ལགས་ཀྱི་རྣམ་ཤེས་ཀྱིས་བཤད་པའི་སྐད་ཆ་དེ་དག་ལག་ལེན་དུ་བསྟར་ཐབས་མེད། གལ་ཏེ་ཧམ་ལེ་ཐིས་རང་ཉིད་ཁཱ་ལོ་ཌི་ལ་ཡ་ལན་སློག་པར་སྐུལ་འདེད་བྱས་ན། དེ་ནི་རང་ཉིད་ཌེན་མཱར་ཁི་མི་མང་ཡོངས་རྫོགས་ལ་ངོ་ལོག་པར་སྐུལ་འདེད་བྱེད་པ་དང་གཅིག་མཚུངས་ཡིན།

ཐོག་མར་ཕྱི་ལོ་ ༡༦༠༢ ཙམ་ནས་ཧམ་ལེ་ཐི་འཁྲབ་སྟོན་བྱེད་མགོ་བརྩམས་པ་དང་། བརྩམས་སྒྲུང་དེ་ནུབ་ཕྱོགས་པའི་རྩོམ་རིག་དང་རིག་གཞུང་གི་གཞི་བརྟེན་ཞིག་ཏུ་གྱུར་ཡོད་ལ། འཁྲབ་སྟོན་གྱི་བརྗོད་སྙིང་གཙོ་བོ་དེ་འཇིག་རྟེན་ཡོངས་ཁྱབ་ཀྱི་འཐབ་རྩོད་གནད་དོན་ཞིག་དང་། མི་ཚང་མས་ཁྱོད་ལ་རྒོལ་བ་མ་ཟད། མཐའ་ན་ཁྱོད་ཀྱིས་ལས་དོན་རྣམས་དྲང་བདེན་བྱས་ཀྱང་རྫུན་དུ་བསྒྲགས་སྐབས་ཀྱི་གནད་དོན་ཐག་གཅོད་ཅིག་ལ་གོ་དགོས། ད་བར་དུས་ཡུན་ཅི་ཙམ་སོང་ཡང་དེ་ཡི་བརྗོད་དོན་དེ་དེང་གི་རྒྱ་ནག་ལས་མངོན་པ་དེ་ལྟ་བུ་ཞིག་ཕལ་ཆེར་གཞན་གང་དུའང་མཐོང་མི་ཐུབ།

དེང་གི་རྒྱ་ནག་ནང་དུ་རང་དབང་རྩོད་ལེན་བྱེད་བཞིན་པའི་ཚོགས་སྡེ་མང་པོ་ཡོད་པ་དག་ནི། དམངས་གཙོའི་ལས་འགུལ་བ་དང་། བོད་དང་ཡེ་ཤུ་ཆོས་ལུགས་པ། ད་དུང་ཟིན་བྲིས་གཉེར་མཁན། ཁྲིམས་རྩོད་པ། ཚོང་གཉེར་བ། རྩ་རླུང་སྒོམ་སྒྲུབ་པ་སོགས་ཡོད་མོད། རྩ་རླུང་སྒོམ་སྒྲུབ་པ་ནི་རྒྱ་ནག་གི་ཆོས་ལུགས་ཞི་བའི་ཉམས་ལེན་ཞིག་དང་། དེ་ལ་སྒོམ་གྱི་སྦྱོང་བརྡར་རིམ་པ་ལྔ་ཡོད་ཅིང་། དེས་མི་རྣམས་ལ་བདེན་པ་ཉིད་དང་བྱམས་བརྩེ་བཟོད་སྒོམ་སོགས་ལ་བརྟེན་ཏེ་རང་ཉིད་ལ་ངེས་ཤེས་སྐྱེད་པར་བྱེད་ལ། ད་དུང་རྩ་རླུང་སྒོམ་སྒྲུབ་པ་ཚོས་འཕྲོད་བསྟེན་དང་ཀུན་སྤྱོད་སོགས་ཡར་རྒྱས་གཏོང་བར་ཁྲིད་སྟོན་དང་། དཔེ་དེབ་སོགས་དྲ་ཐོག་ཏུ་རིན་མེད་དུ་འགྲེམས་སྤེལ་བྱེད་བཞིན་ཡོད། ༡༩༩༠ ལོ་ནས་རྒྱ་ནག་དུ་རྩ་རླུང་སྒོམ་སྒྲུབ་པའི་མི་འབོར་མངོན་སུམ་གྱིས་ཇེ་མང་དུ་སོང་ཡོད་པ་དང་། ༡༩༩༩ ལོའི་ཟླ་ ༥ པའི་ནང་རྒྱ་ནག་གི་སྐབས་དེའི་སྲིད་འཛིན་ཅིང་ཙི་མཱན་ (Jiang Zemin)གྱིས་རྩ་རླུང་སྒོམ་སྒྲུབ་པ་བཀག་སྡོམ་ལས་འགུལ་སྤེལ་མགོ་ཚུགས་པ་རེད།

རྒྱ་ནག་ནང་བར་སྐབས་ཤིག་ལ་རྩ་རླུང་སྒོམ་སྒྲུབ་པ་ས་ཡ་ ༡༠༠ ལྷག་ཡོད་པ་དང་། དེ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མིའི་གྲངས་འབོར་ལས་ཀྱང་བརྒལ་ཡོད་ལ། རྒྱ་ནག་ནང་དུ་སྲིད་དོན་ཚོགས་པ་གཅིག་ལས་མེད་ལ། དེ་ནི་སྟོབས་ཤུགས་དང་ལྡན་པའི་གུང་ཁྲན་ཏང་དམར་ཤོག་ཚོགས་པ་རེད། སྲིད་འཛིན་ཅིང་ཙི་མཱན་གྱིས་རྩ་རླུང་སྒོམ་སྒྲུབ་པ་ཚོ་བཀག་སྡོམ་དང་སྡུག་སྦྱོང་མནར་གཅོད་གཏོང་བར་སྐུལ་འདེད་བྱས་པ་དང་། སྐབས་དེའི་རྒྱ་ནག་གཞུང་གི་མགོ་ཁྲིད་ཚོས་རྩ་རླུང་སྒོམ་སྒྲུབ་པ་རྣམས་འཛིན་བཟུང་བཙོན་བཅུག་དང་མནར་གཅོད་གཏོང་བ། མི་སྟོང་ཕྲག་མང་པོ་དམར་གསོད་དང་ཡ་ས་ལྷག་བཙོན་དུ་བཅུག་པ། ཀླད་པ་བསྒྱུར་ཐབས་ཀྱི་སློབ་གསོ་སྣ་ཚོགས་བཏང་བ་སོགས་བྱས་ཡོད། སྲིད་འཛིན་ཅིང་སྲིད་སྟེགས་ལས་མ་བབ་སྔོན་ནས་ཨ་རིའི་ཕྱི་སྲིད་ལྷན་ཁང་དང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ། རང་དབང་ཁང་པ་སོགས་ཀྱིས་རྡུང་རྡེག་ལས་འགུལ་དེ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས་ཡོད་ཀྱང་། ཅིང་གི་རྩ་རླུང་སྒོམ་སྒྲུབ་བཀག་འགོག་དང་མནར་གཅོད་སྲིད་ཇུས་དེ་རིང་ད་དུང་མུ་མཐུད་འགྲོ་བཞིན་ཡོད།

རྩ་རླུང་སྒོམ་སྒྲུབ་པ་ཚོ་ནི་ཧམ་ལེ་ཐི་དང་འདྲ་བོ་ཡོད། ཧམ་ལེ་ཐིས་ཨ་ཞང་གིས་རང་གི་ཕ་དམར་གསོད་བཏང་བ་དང་རྒྱལ་ཁྲི་བདག་ཏུ་བཟུང་བ་ཤེས་ཀྱི་ཡོད་ལ། རྩ་རླུང་སྒོམ་སྒྲུབ་པ་ཚོས་ཀྱང་ཅིང་ཙི་མཱན་དང་རྒྱ་ནག་དམར་ཕྱོགས་ཚོགས་པ་མཉམ་འབྲེལ་འོག རྒྱ་ནག་ནང་དུ་ཆེས་དྲང་བདེན་མ་ཡིན་པའི་ལས་འགུལ་སྤེལ་བ་ཤེས་ཀྱིན་ཡོད། ཡིན་ནའང་གནད་དོན་གཉིས་ཀའི་ནང་གི་དྲང་བདེན་དེ་མི་སྣ་གཙོ་བོ་རྩ་རླུང་སྒོམ་སྒྲུབ་པ་དང་ཧམ་ལེ་ཐི་ལ་ཡོད་པ་གསལ་བོ་རེད།

དྷེན་མཱར་ཁིའི་མི་སེར་ཚང་མས་ངེས་པར་དུ་ཁཱ་ལོ་ཌི་སི་(Claudius)ཡིས་ཅི་ཞིག་བཤད་པར་ཉན་དགོས་པ་མ་ཟད་དེ་དོན་དང་ལེན་བྱ་དགོས་ཀྱི་ཡོད། རྒྱུ་མཚན་ནི་ཁཱ་ལོ་ཌི་སི་ཁོ་བ་ཚོའི་རྒྱལ་པོ་ཡིན་པས་རེད་ལ། དེ་བཞིན། རྒྱ་ནག་མི་མང་གིས་ཅིང་ཙི་མཱན་དང་གུང་ཁྲན་ཏང་གི་ཁ་ལ་ཉན་དགོས་པའི་བཙན་ཤེད་བྱེད་བཞིན་ཡོད། ཁཱ་ལོ་ཌི་སི་ཡིས་རྒྱལ་པོ་དུག་སྦྲུལ་གྱིས་སོ་བརྒྱབ་ནས་བསད་པའི་སྐྱག་རྫུན་བསྒྲགས་པ་དང་། དེ་མཚུངས་སུ་གུང་ཁྲན་ཏང་གིས་གསར་འགོད་རང་དབང་བཀག་སྡོམ་དང་ཁོ་ཚོས་རྩ་རླུང་སྒོམ་སྒྲུབ་རྩ་འཛུགས་མཁན་ལེ་ཧོང་ཙེ་(Li Hongzhi)སོགས་ཀྱི་སྐོར་ལ་གསར་འགྱུར་རྫུན་བསྒྲགས་བྱས་པ་དང་། རྒྱ་ནག་གི་རླུང་འཕྲིན་དང་བརྙན་འཕྲིན་སོགས་གསར་འགྱུར་ཁག་བརྒྱུད་དེ་རྩ་རླུང་སྒོམ་སྒྲུབ་བྱེད་མཁན་ཚོར་འཕྲོད་བསྟེན་ལ་དཀའ་ངལ་ཡོད་ཚུལ་དང་། སེམས་ཁམས་ལ་ན་ཚ་བྱུང་སྟེ་རང་གི་ནང་མི་ཚོའང་བསད་པ་སོགས་ཀྱི་གསར་འགྱུར་རྫུན་བསྒྲགས་བྱས་པ་རེད།

རྗེས་སུ་ཧམ་ལེ་ཐི་ཡིས་གནད་དོན་དེ་དང་འདྲ་བའི་འཁྲབ་སྟོན་ཞིག་རྒྱལ་པོའི་ཕོ་བྲང་དུ་བྱེད་བཅུག་སྟབས། ཁཱ་ལོ་ཌི་ཡིས་ཧམ་ལེ་ཐའི་གནས་ཚུལ་དངོས་ཧ་གོ་ཡོད་པ་ཤེས་ཏེ། ཁོས་ཧམ་ལེ་ཐི་ལ་ངན་ཇུས་ཤིག་འཐེན་མགོ་ཚུགས་ཡོད་པ་རེད། ཧམ་ལེ་ཐིའི་གྲོགས་པོ་རྙིང་པ་རོ་སིན་ཁུ་རེན་ཛི་(Rosencrantz)དང་གཱོལ་ཌན་སི་ཊི་རན་(Guildenstern)གཉིས་ལ་བཀའ་བཏང་སྟེ་ “ཧམ་ལེ་ཐི་སྨྱོན་པ་ཆགས་ཡོད་སྟབས་ང་ཚོ་ཚང་མའི་བདེ་འཇགས་ལ་ཉེན་ཁ་ཡོད་སྟབས། ངས་ཁྱེད་གཉིས་ལ་ལས་འགན་སྤྲད་པ་ལྟར་ཧམ་ལེ་ཐི་ཁྱོད་གཉིས་ཁོ་ནས་དབྱིན་ཡུལ་དུ་བརྫང་དགོས”ཞེས་སྐུལ་མ་བྱས། གཱོལ་ཌན་སི་ཊི་རན་གྱིས་འགན་འཁུར་དང་དུ་བླངས་བ་མ་ཟད། རྒྱལ་འབངས་ཡོངས་རྫོགས་ཁྱེད་ཀྱི་དཀའ་དྲིན་ཁོ་ནར་བརྟེན་ཡོད་སྟབས་ང་ཚོས་སྐུ་ཉིད་ཀྱི་བཀའ་གསུང་ཅི་སྒྲུབ་ཞུ་ཆོག་ཅེས་བཤད།

དེ་ནས་རོ་སིན་ཁུ་རེན་ཛི་དང་གཱོལ་ཌན་སི་ཊི་རན་གཉིས་ཀྱིས་རྒྱལ་སྲས་ཧམ་ལེ་ཐི་ཁྲིད་ནས་དབྱིན་ཡུལ་དུ་བརྫོངས་རྗེས། ཧམ་ལེ་ཐི་དབྱིན་ཡུལ་ནས་སྐུ་གྲོངས་པ་རེད། དེ་དང་མཚུངས་བར་རྒྱ་ནག་དམར་ཤོག་གཞུང་གིས་ཀྱང་མི་མང་ལ་སྐྱག་རྫུན་བཤད་པ་དང་། རྩ་རླུང་སྒོམ་སྒྲུབ་པ་རྣམས་ལ་སྐྱོན་འཛུགས་དང་འཁྱོག་བཤད་སྣ་ཚོགས་བྱས་ཏེ། མི་མང་རྣམས་དོན་དངོས་ལ་རྨོངས་སུ་བཅུག་སྟེ་རྩ་རླུང་སྒོམ་སྒྲུབ་པར་རྡུང་རྡེག་གཏོང་བའི་ལས་འགུལ་ལ་རོགས་རམ་བྱེད་དུ་འཇུག་གི་ཡོད། རྩ་རླུང་སྒོམ་སྒྲུབ་པ་ཞིག་གི་ཡིག་ཚགས་ལས་གསལ་བ་ལྟར་ན། “རྒྱ་ནག་གཞུང་གིས་ཁོ་ཚོ་ལོག་སྤྱོད་པ་ཡིན་པའི་དཀྲོག་གཏམ་བཟོས་པ་དང་། སྲིད་གཞུང་གི་ལས་ཁུངས་ཁག་གིས་རྩ་རླུང་སྒོམ་སྒྲུབ་ཉམས་ལེན་བྱེད་མཁན་ཚོ་ནི། རྒྱ་ནག་གཞུང་གི་བརྙན་འཕྲིན་ལས་མཐོང་བ་ལྟར་ངོས་འཛིན་བྱེད་བཞིན་ཡོད་པ་དང་། ཁོ་ཚོས་རྩ་རླུང་སྒོམ་སྒྲུབ་པ་ཚོར་ཧ་ཅང་སྡང་སེམས་ཆེན་པོས་རྡུང་རྡེག་གཏོང་བ་དང་། མི་གཞན་ལ་སྐད་ཆ་བཤད་པར་ཡང་བཀག་འགོག་བྱེད་པ། ཉེན་རྟོག་པ་ཚོས་ལྕགས་ཀྱི་དབྱུག་པའི་ངོས་ན་ཚེར་མ་ཡོད་པ་དེ་འདྲས་བཅར་རྡུང་མནར་གཅོད་བཏང་བྱུང་། ”ཞེས་བརྗོད་འདུག

གནས་ཚུལ་རྫུན་བསྒྲགས་བྱས་ཏེ་ནག་ཉེས་གཡོག་ཐབས་བྱེད་པ་དང་། རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོའི་སྐྱུག་བྲོ་བའི་གསང་བ་འགེབས་ཐབས་བྱེད་པ། མི་མང་ཡོངས་ལ་མགོ་སྐོར་བཏང་སྟེ་བསླུ་བྲིད་གཏོང་ཐབས་བྱེད་པ་སོགས་ནི། ཧམ་ལེ་ཐིའི་གཏམ་རྒྱུད་སླར་ཡང་གསོན་གནས་བྱུང་ཡོད་པ་རེད། དྲང་བདེན་ལ་རྨོངས་བའི་ངོ་རྒོལ་མཁན་ནི། བརྗོད་བྱ་འདིའི་ནང་གི་མི་སྣ་གཙོ་བོ་རྒྱ་ནག་དང་ཌེན་མཱར་ཁི་རྒྱལ་ཁབ་ཀྱི་མི་མང་ཚོ་རེད།

མཁས་པ་ཚོས་ཧམ་ལེ་ཐིས་རང་སྲོག་བཅད་པ་ཡིན་ནམ། ཡང་ན་སྡུག་ཅན་རྒྱལ་པོས་སྲོག་ཐོག་ཏུ་བཏང་བ་ཡིན་ད་དུང་རྩོད་གླེང་བྱེད་བཞིན་ཡོད་ཀྱང་། མཇུག་འབྲས་ནི་ཧམ་ལེ་ཐི་ཤི་ཚར་བ་དོན་དངོས་ཡིན་པ་དེ་རེད། གོང་གི་བསམ་ཕྱོགས་དེ་གཉིས་ཀར་བདེན་པ་ཡོད་ཀྱང་། གནད་དོན་གཙོ་བོ་ཧམ་ལེ་ཐིས་རྒྱལ་པོ་ལ་རྒོལ་དགོས་པ་རེད་དམ། རང་ཉིད་སྡུག་གི་རྒྱ་མཚོར་ལྷུང་ནས་ཤི་དགོས་པ་རེད། ཡང་ན། ཧམ་ལེ་ཐིས་རང་ཉིད་མི་རྣམས་ལ་མཐོང་ཚུལ་ངན་པ་གང་ཡང་མི་འབྱུང་བ་བྱས་ཏེ། སྤྱོད་ཚུལ་ཡག་པོ་ཞིག་གི་ཐོག་ནས་གནད་དོན་ཐག་གཅོད་བྱེད་དགོས་པ་ངེས་བརྟན་རེད།

རྩ་རླུང་སྒོམ་སྒྲུབ་པ་ཚོར་མཚོན་ན་ངེས་པར་དུ་ཐག་གིས་གཅོད་དགོས་པ་ཞིག་ནི། རྩ་རླུང་སྒོམ་སྒྲུབ་ཉམས་ལེན་པ་ཞིག་བྱེད་རྒྱུ་ཡིན་ནམ་མིན་གྱི་གདམ་ཁ་དེ་རེད། དོན་དངོས་སུ་གནད་དོན་ཅི་ཞིག་འབྱུང་མིན་རྩ་རླུང་སྒོམ་སྒྲུབ་པ་ཚོའི་སེམས་ནང་གསལ་བོ་ཡིན་ཡང་། མང་པོ་ཞིག་གིས་བློ་སྤོབས་ཆེན་པོས་རྩ་རླུང་སྒོམ་སྒྲུབ་ཉམས་ལེན་པ་ཞིག་བྱེད་རྒྱུ་ཡིན་ཞེས་འདམ་ག་ཕྱི་མ་དེ་འདེམ་གྱིན་ཡོད་པ་རེད། ཁོ་ཚོས་དེ་ལྟར་འདེམ་རྒྱུ་ཡིན་ཞེས་བརྗོད་རྒྱུ་ནི་ཅི་འདྲའི་དཀའ་ལས་ཁག་པོ་ཞིག་མ་ཡིན་ནམ། དང་པོ། ཁོ་ཚོས་ཞི་བའི་ཆོས་ཀྱི་ཉམས་ལེན་དེ་འདོར་རྒྱུ་མིན་ལབ་ན་རྒྱ་ནག་དམར་ཤོག་གཞུང་གི་འཇིགས་སྐུལ་སྣ་ཚོགས་ཀྱི་འོག་ནས་ཁོ་ཚོའི་ནང་མི་དང་། ལས་གནས་ལས་རོགས་སོགས་ལ་གནོན་ཤུགས་ཆེན་པོ་ཐེབས་ཀྱི་ཡོད་པ་རེད་ལ། གཉིས་པ། ཁོ་ཚོས་དེ་ལྟར་བདམས་ན་ཞི་བའི་རྒོལ་ཞིག་གི་རྣམ་པའི་ཐོག་ནས་རྒྱ་ནག་དམར་ཤོག་གཞུང་གི་རྫུན་གཏམ་མང་པོ་དང་བཙོན་བཅུག་མནར་གཅོད། མི་གསོད་དོན་རྐྱེན་སོགས་ཀྱི་རྫུན་རྐུབ་བརྡོལ་དགོས་པ་རེད།

རྒྱ་ནག་གཞུང་གིས་ ༡༩༩༩ ལོ་ནས་རྩ་རླུང་སྒོམ་སྒྲུབ་པ་ཚོ་བཀག་འགོག་བྱས་པ་ནས་བཟུང་སྟེ། རྩ་རླུང་སྒོམ་སྒྲུབ་པ་ཚོ་ནི་ཧམ་ལེ་ཐི་དང་འདྲ་བར་གར་སྟེགས་སྟེང་གི་འཁྲབ་སྟོན་པ་ཞིག་ཆགས་ཡོད་པ་རེད། (ཝེ་ལེམ་ཤིག་སུ་ཧྥེར་གྱི་ཧམ་ལེ་ཐིའི་ནང་གི་སྐད་ཆ་ཞིག་སྟེ། འཛམ་གླིང་ཧྲིལ་བོ་ནི་གར་སྟེགས་ཤིག་དང་ང་ཚོ་ནི་གར་སྟེགས་དེའི་སྟེང་གི་འཁྲབ་སྟོན་པ་རེད་ཅེས་པར་གོ སྒྱུར་བ་པོས་མཆན།) རྒྱ་ནག་དམར་ཤོག་སྟེ་འཛམ་གླིང་གི་ཆེས་ཆེ་བའི་རྒྱལ་ཁབ་དང་དཔལ་འབྱོར་སྟོབས་ཤུགས་ཨང་གཉིས་པ་ཆགས་ཏེ། འཛམ་གླིང་ཐོག་དཔལ་ཡོན་གྱི་དུས་ཡུན་ཧ་ཅང་རྒྱུན་རིང་བོར་ཟིན་པ། ད་དུང་རྒྱ་ནག་གི་ཆེས་ཆེ་བའི་ཚོང་གྲོགས་རྒྱལ་ཁབ་ཨ་རི་དང་ཡུ་རོབ་མཉམ་འབྲེལ་སོགས་ནི་གར་སྟེགས་དེ་ཆགས་ཀྱི་ཡོད་ལ། ང་ཚོ་ཚང་མ་དེ་ཡི་འཁྲབ་སྟོན་པ་དང་དངོས་མཐོང་དཔང་པོ་དེ་ལ་རྒོལ་མཁན་སོགས་ཆགས་ཀྱི་ཡོད། ད་དུང་ང་ཚོ་ཁ་ཤས་ཤིག་ནི་ཧམ་ལེ་ཐེའི་ནང་གི་ཧོ་རཱ་ཊོ་(Horatio)ལྟར་འཁྲབ་རོགས་གཙོ་བོ་དེའང་ཆགས་ཀྱི་ཡོད་པ་རེད།

དེང་གི་འཛམ་གླིང་ཤར་ནུབ་གང་ཡིན་ཡང་དེ་ལྟ་བུའི་སྐྱོ་གར་མང་པོ་ཞིག་འབྱུང་བཞིན་ཡོད་ལ། ང་ཚོས་གོང་གི་དོན་རྐྱེན་དེར་ས་མཚམས་ཤིག་དབྱེ་དགོས་ན། དེ་དག་ལ་ཁྱད་པར་ཡང་ཆེན་པོ་ཡོད་པའི་ཆ་རྣམས་ངེས་དགོས་པ་ལས་སྣང་མེད་དུ་བཞག་ཆོག་པ་ཞིག་མ་ཡིན་དེ། དེ་ཡང་དོན་རྐྱེན་དེའི་ཁྲོད་ཧམ་ལེ་ཐིས་པཱོ་ལོ་ནོ་སི་བསད་ཡོད་ཅིང་། རྩ་རླུང་སྒོམ་སྒྲུབ་པ་ཚོ་ནི་འཚེ་བའི་ལམ་དུ་སྐྱོད་མཁན་ཡིན། འགྲོ་བ་མིའི་དཔལ་ཡོན་དར་རྒྱས་ཕྱིན་ཏེ་ལོ་ངོ་ ༤༠༠ འགྲོ་བཞིན་ཡོད་ཀྱང་། རྩ་རླུང་སྒོམ་སྒྲུབ་པའི་གནད་དོན་འདི་ལྟ་བུ་དེང་གི་རྒྱ་ནག་ནང་དུ་མུ་མཐུད་ནས་འབྱུང་བཞིན་ཡོད། རྒྱ་ནག་ནང་དུ་བཀག་སྡོམ་ཆེ་ཞིང་རང་དབང་མེད་པ་ནི་དེང་གི་འཛམ་གླིང་ཐོག་ཧ་ཅང་མངོན་གསལ་ཅན་གྱི་གནད་དོན་ཞིག་ཆགས་ཡོད།

དེར་བརྟེན། རྒྱ་ནག་རང་དབང་ཅན་དུ་འགྱུར་བར་རྒྱལ་སྤྱི་དང་ང་ཚོ་ཚང་མ་གཉིད་ལས་སད་དེ་འགུལ་སྐྱོད་ཅིག་རྒྱག་རན་ཡོད། གཏམ་རྒྱུད་དེ་མུ་མཐུད་དེ་འཁྲབ་བཞིན་ཡོད་པ་རེད། ཁྱོད་རང་གིས་གར་སྟེགས་དེའི་སྟེང་དྲང་ཕྱོགས་ཤིག་འཁྲབ་སྟོན་བྱ་རྒྱུ་ཡིན་ནམ་ལྡོག་ཕྱོགས་པ་ཞིག་འཁྲབ་རྒྱུ་ཡིན། ཉིད་ཀྱིས་མི་སྣ་སུ་ཞིག་འཁྲབ་སྟོན་བྱ་རྒྱུ་ཡིན་ནམ།

རྩོམ་འདི་ཨ་རིའི་ནང་དུ་ཡོད་པའི་དབྱིན་རྒྱ་སྐད་གཉིས་སློབ་གྲྭ་ནེ་ཡོག་ཧྥེ་ཊན་སྒྱུ་རྩལ་སློབ་གླིང་(Fei Tian Academy of the Arts)གི་སློབ་མ་དང་དགེ་རྒན་གཅིག་ལྕོགས་ཡིན་པའི་ཊེན་ཧོང་སོ་དང་ཨེ་ཝན་མཱན་ཊག་གཉིས་ཀྱིས་བྲིས།

མ་ཡིག་གི་འབྲེལ་ཐག http://www.theepochtimes.com/n3/1889019-to-be-or-not-to-be-a-question-for-modern-china/

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply