དཔལ་ས་སྐྱའི་ཁྲི་འཛིན་ཞེ་གཉིས་པ་གསེར་ཁྲིར་མངའ་གསོལ།

དེ་རིང་དཔལ་ས་སྐྱའི་ཁྲི་འཛིན་ཞེ་གཉིས་པ་གདུང་སྲས་བགྲེས་པ་རཏྣ་བཛྲ་རིན་པོ་ཆེ་མཆོག་གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོ་ཡོངས་སུ་ལེགས་པར་གྲུབ་ཡོད་འདུག

ས་སྐྱའི་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། ཟླ་འདི་ཚེས་ ༩ ཉིན་རྒྱ་གར་བྱང་ཕྱོགས་པུར་ཝ་ལ་དཔལ་ས་སྐྱའི་མ་དགོན་དུ། ས་སྐྱ་༧གོང་མ་རིན་པོ་ཆེའི་གདུང་སྲས་བགྲེས་པ་འཁོན་གདུང་རཏྣ་བཛྲ་རིན་པོ་ཆེ་མཆོག་ས་སྐྱའི་ཁྲི་འཛིན་ ༤༢ པའི་མཚན་གསོལ་ཞུས་ཏེ། ཆོས་ཕྱོགས་དང་ཕྱི་ལུགས་ཀྱི་གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོ་ཟབ་རྒྱས་ཤིག་ཚོགས་ཡོད་པ་དང་། མཛད་སྒོའི་ཐོག་ཆེད་དུ་བཅར་བའི་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པའི་དབུས་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་དང་། རྒྱ་གར་གཞུང་གི་དཔོན་རིགས། དེ་བཞིན་དད་ལྡན་སེར་སྐྱ་མི་མང་ ༦༠༠༠ ཡས་མས་འཛོམས་ཡོད་འདུག

དེ་ཡང་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་དང་སྟབས་བསྟུན་དད་ལྡན་སེར་སྐྱ་མང་ཚོགས་ནས་ས་སྐྱ་གོང་མ་རཏྣ་བཛྲ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། རིན་པོ་ཆེ་མཆོག་ནས་སེར་སྐྱ་མི་མང་ལ་ཆོས་རྗེ་ས་པཎ་གྱིས་མཛད་པའི་ཐུབ་པ་དགོངས་གསལ་གྱི་ཆོས་འབྲེལ་བཀའ་དྲིན་བསྐྱངས་ཡོད་པ་རེད། དེ་རིང་ཕྱི་ཚེས་ ༡༡ ཉིན་ས་སྐྱ་སྨོན་ལམ་ཐེབས་རྩའི་གོ་སྒྲིག་འོག་ས་སྐྱའི་སེར་སྐྱ་མི་མང་ནས་སྐྱབས་མགོན་༧གོང་མ་བདག་ཁྲི་ ༤༡ པ་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་བརྟན་བཞུགས་བསྟར་འབུལ་ཞུས་ཏེ་ཁྲི་སྟོན་ལེགས་པར་གྲུབ་ཡོད་པ་རེད།

༧གོང་མ་རཏྣ་བཛྲ་རིན་པོ་ཆེ་འམ་ངག་དབང་ཀུན་དགའ་བློ་གྲོས་དབང་ཕྱུག་རིན་ཆེན་འཇིགས་མེད་འཕྲིན་ལས་མཆོག་ནི་གདུང་སྲས་གཉིས་ཀྱི་ནང་ནས་བགྲེས་པ་དེ་ཡིན་ཞིང་། ཕྱི་ལོ་ ༡༩༧༤ ཟླ་ ༡༡ ཚེས་༡༩ ཉིན་རྒྱ་གར་བྱང་ཕྱོགས་རྡེ་ར་རྡུན་དུ་སྐུ་འཁྲུངས་ཤིང་། སྐུ་ན་ཆུང་བའི་དུས་ནས་ཡབ་རྗེ་ས་སྐྱ་༧གོང་མ་ཁྲི་འཛིན་ ༤༡ པ་ཆེན་པོ་མཆོག་གི་དབུས་མཁས་གྲུབ་མཚན་ལྡན་བླ་མ་མང་པོའི་མདུན་ནས་དབང་ལུང་མན་ངག་ཐོབ་པ་མ་ཟད།  ཕྱི་ལོ་ ༡༩༩༠ ལོར་ས་སྐྱ་མཐོ་སློབ་དུ་སློབ་ཞུགས་ཏེ་མཁན་པོ་ལེགས་བཤད་ཀུན་དགའི་དྲུང་ནས་བཀའ་པོད་ལྔའམ་གཞུང་ཆེན་བཅུ་གསུམ། གྲགས་ཆེན་བཅོ་བརྒྱད་ཐོག་གསན་བསམ་རྒྱ་ཆེ་མཛད། ཕྱི་ལོ་ ༡༩༩༨ ལོར་གཞུང་ལུགས་རབ་འབྱམས་ལ་མཁས་པའི་དབང་པོར་གྱུར་ནས་བཀའ་བཅུ་པའི་མཚན་གནས་ཀྱི་གཟེངས་བསྟོད་བཞེས་གནང་ཡོད་པ་རེད།

དཔལ་ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེ་ ༤༡ པ་མཆོག་ནས་དཔལ་ས་སྐྱའི་ཁྲི་འཛིན་ལམ་ལུགས་ཐད་ལོ་རྒྱུས་རང་བཞིན་གྱི་ལེགས་བཅོས་མཛད་རྒྱུའི་བཀའ་དགོངས་ཕེབས་པ་ལྟར།  ཕྱི་ལོ་ ༢༠༡༤ལོའི་ཟླ་ ༥ ཚེས་༨ཉིན། ས་སྐྱའི་སྒྲོལ་མ་ཕོ་བྲང་དང་ཕུན་ཚོགས་ཕོ་བྲང་རྣམ་གཉིས་ཞལ་འཛོམས་ཀྱིས་མཁྱེན་ཡོན་མཐར་ཕྱིན་པའི་ཕོ་བྲང་གཉིས་ཀྱི་གདུང་སྲས་སྐུ་ན་བགྲེས་རིམ་བཞིན་དུས་ཡུན་ལོ་གསུམ་རེར་ས་སྐྱའི་གསེར་ཁྲིར་ཕེབས་རྒྱུ་གཏན་འབེབས་མཛད་ཡོད་པ་དང་། ད་ལན་ནི་ས་སྐྱའི་ཁྲི་འཛིན་ལམ་ལུགས་ལེགས་བཅོས་མཛད་རྗེས་ཀྱི་ཁྲི་འདོན་མཛད་སྒོ་ཐོག་མ་དེ་ཆགས་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༣/༡༡

Leave a Reply