དབང་ཞུ་མཁན་ཚང་མ་རྡོ་རྗེ་སྤུན་གྲོགས་སུ་གྱུར་ཟིན་པས་མཐུན་པོ་བྱོས།

༧གོང་ས་མཆོག་གིས་ “རྒྱ་ནག་གི་འདི་འདྲའི་གནོན་ཤུགས་ཞེ་དྲགས་སྤྲད་ནས་མིའི་སེམས་མ་སྐྱིད་པ་ཞིག་བཟོས་བ་མ་གཏོགས་སུ་གཅིག་ལ་ཕན་ཐོགས་ཡོད་པ་མ་རེད། ཕྱོགས་གཅིག་ནས་རྒྱ་ནག་གཞུང་གིས་འཆམ་མཐུན་དང་བརྟན་བརླིང་དགོས་ལབ་ཀྱི་ཡོད་ཀྱང་། བྱེད་སྟངས་དེ་ཚོའི་གྲས་ཀྱིས་འཆམ་མཐུན་མི་ཡོང་བ་དང་བརྟན་བརླིང་མི་ཡོང་བ་བྱེད་ཀྱི་ཡོད་པ་དངོས་ཡོད་གནས་ཚུལ་རེད།” ཅེས་གསུངས།

དེ་རིང་སྔ་དྲོའི་ཆུ་ཚོད་ ༧།༣༠ ཐོག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གསུང་ཆོས་ར་བའི་ནང་ཆིབས་ཞབས་བསྐྱངས་ཏེ། རྗེས་གནང་སྒྲུབ་བཞག་རྣམས་མཛད་དེ་སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་རྗེས་གནང་བསྩལ་གྲུབ་རྗེས། གནས་ཆུང་ཆོས་རྒྱལ་ཆེན་པོ་སྦྱན་འདྲེན་ཞུས་ཡོད་པ་དང་། དེ་ནས་དཔལ་ས་སྐྱ་༧གོང་མ་རིན་པོ་ཆེ་མཆོག་ནས་མནྜལ་ལྗགས་ཀློག་མཛད་དེ་བོད་མིའི་སྒྲིག་འཛུགས་དང་རྒྱལ་སྤྱིའི་བོད་རིགས་ཚོང་པའི་ལྷན་ཚོགས། ཧི་མ་ལ་ཡའི་རི་རྒྱུད་ཚོགས་སྐྱིད་བཅས་ནས་སྒྲོལ་དཀར་ཡིད་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

བརྟན་བཞུགས་ཀྱི་གོང་དུ་༧གོང་ས་མཆོག་གིས་ཆོས་ཞུ་བ་རྣམས་ལ་གསུངས་དོན། དེ་རིང་འདིར་དབང་ཞུ་བར་ཡོང་བསྡད་པ་ཚོ་དང་། གཟུགས་མཐོང་བརྙན་འཕྲིན་བརྒྱུད་དེ་གསན་བསྡད་པ་ཚང་མས་ཆང་འཐུང་བ་དང་ཤོ་སྦག་རྒྱག་པ་དེ་འདྲའི་རིག་བྱེད་ཉན་གི་མ་རེད་ཅེས་སོགས་གསུངས་སོང་། ཁོང་གིས་མུ་མཐུད་དུ་གསུངས་དོན། བོད་ནང་གི་བོད་མི་དང་འཛམ་གླིང་གི་ཡུལ་ལུང་གང་སར་ཡོད་པའི་དད་ལྡན་ཆོས་ཞུ་བ་ཡོངས་ལ་བཀའ་སློབ་གནང་སྐབས། བོད་ནང་དང་རྒྱ་ནག དེ་བཞིན། འཛམ་གླིང་རྒྱལ་ཁབ་གཞན་དང་གཞན་གྱི་ནང་དུ་ད་རེས་དུས་འཁོར་དབང་ཆེན་ཉན་མཁན་ཚང་མ་ས་ཆ་གཅིག་ལ་འཛོམས་ཐུབ་མེད་ཀྱང་། འདུན་པ་གཅིག་གྱུར་གྱི་ཐོག་ནས་རྡོ་རྗེ་སྤུན་གྲོགས་ཆགས་ཡོད་སྟབས། བོད་ནང་དུ་ཡོད་པའི་དུས་འཁོར་དབང་ཆེན་ཞུ་མཁན་ཚང་མ་མཐུན་པོ་དགོས། ང་ཚོ་དང་ཁོང་ཚོ་ཟེར་བ་དེ་བློར་བསླེབས་ཡོང་དུས། ང་ཚོ་དུས་འཁོར་དབང་ཆེན་ཞུས་མཁན་རྡོ་རྗེ་སྤུན་གྲོགས་གཅིག་པ་ཡིན་བསམ་སྟེ་སེམས་ནང་གི་ང་རྒྱལ་ཕྲག་དོག་དེ་ཚོ་ཁ་གཏད་བཅག་ནས་མཐུན་པོ་བྱེད་དགོས་པ་དེ་དཔེ་གལ་ཆེན་པོ་ཡིན་པ་དང་། བོད་ནང་དུ་ཡོད་མཁན་ཚོས་ཀྱང་དགོངས་པ་དེ་བཞེས་རོགས་ཞེས་གསུངས་སོང་།

_DSC0146རྒྱ་གཞུང་གི་གནོན་ཤུགས་འོག་བོད་ནས་ཡོང་བའི་གནས་སྐོར་བ་མང་པོ་ཞིག་འཕྲལ་དུ་ཕྱིར་ལོག་དགོས་བྱུང་བའི་སྐོར་ལ་ཁོང་གིས། ང་ཚོ་བོད་པར་ཆ་བཞག་ན་མི་གྲངས་ཉུང་ཉུང་རེད་ས་ཡ་དྲུག་རེད། ད་ལྟ་ང་ཚོ་དཀའ་ངལ་གྱི་དུས་ཚོད་ལ་བསླེབས་བསྡད་ཡོད་ཀྱང་རིམ་གྱིས་འགྱུར་བ་འགྲོ་ངེས་རེད། འདས་པའི་ལོ་ ༦༠ ནང་ལོགས་སུ་རྒྱ་ནག་རང་ལའང་འགྱུར་བ་འགྲོ་བཞིན་འདུག་གཱ། ང་ཚོ་བོད་ལའང་འགྱུར་བ་ཏན་ཏན་འགྲོ་ངེས་རེད། འགྱུར་བ་འགྲོ་བ་དེ་གཞན་གཅེས་པར་འཛིན་པའི་ཐོག་ནས་ཁག་པོ་རེད་དེ། རང་དོན་ལ་བསམ་བློ་བཏང་སྟེ་དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་གི་ཐོག་ལ་བསམ་བློ་གཏང་བ་ཡིན་ན། མི་ལ་དབང་ཡོད་བཤད། བཙན་དབང་བྱས་པ་དཔེར་ན་ད་ལན་རྒྱ་གར་ལ་དུས་འཁོར་དབང་ཆེན་ཞུ་རུ་ཡོང་མཁན་ཚོར་ཞེ་དྲགས་གནོན་ཤུགས་སྤྲད་དེ། ཐ་ན་ས་ཁུལ་ཁ་ཤས་ཀྱི་དཔོན་པོ་དེ་འདྲས་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་བྱེད་ཀྱི་ཡོད་པ་དེ་ཁྲིམས་འགལ་རེད་ཅེས་ལབ་འདུག ཁྲིམས་འགལ་ཟེར་བའི་ཁྲིམས་དེ་ག་བར་རྩི་དགོས་ཀྱི་ཡོད་ཤེས་ཀྱི་མ་རེད། མཐར་དེད་ན་དབང་ཅན་དཔོན་པོ་ཞིག་གིས་ཁོ་རང་གི་སྣང་བར་ཕྱིན་ན་ཁྲིམས་མཐུན་རེད། ཁོ་རང་གི་སྣང་བར་མ་སོང་ན་ཁྲིམས་འགལ་ཆགས་ཀྱི་ཡོད་པ་རེད། དེ་ལ་ཆོད་ཅི་མི་འདུག་གཱ།

ཁ་སང་སེམས་སྐྱོ་བོ་དེ་འདྲ་བྱུང་། བོད་ནང་ནས་ཡོང་མཁན་རྣམས་ལ་གནོན་ཤུགས་ཞེ་དྲགས་སྤྲད་དེ་ཕར་མ་ལོག་ན་ཁྱིམ་ཚང་སོགས་ལ་དཀའ་ངལ་སྤྲོད་ཀྱི་རེད་བསམ་པའི་དཀའ་ངལ་གཅིག་འཕྲད། འདིར་དུས་འཁོར་དབང་ཆེན་ཞུ་བར་འདོད་པའང་ཞེ་དྲགས་འདུག སྐབས་དེར་ངས་ཁྱེད་རང་ཚོས་སེམས་ཁྲལ་ཁྱོན་ནས་མ་བྱེད་ཕར་ལོག་རྒྱུགས། དུས་འཁོར་དབང་ཆེན་ལ་ངས་ཁྱེད་རང་ཚོ་ཚང་མ་མོས་པའི་འོག་ཏུ་བཅུག་སྟེ་སྨོན་ལམ་རྒྱག་གི་ཡིན་ལ་དབང་ཐོབ་ངེས་རེད། ནང་ལ་དཀའ་ངལ་འཕྲད་ན་ཡག་པོ་ཡོད་པ་མ་རེད་ཅེས་ལབ་སྟེ། ཁོང་ཚོ་མང་པོ་ཞིག་ལོག་སོང་བ་རེད། ལོག་མཁན་ཚོས་མིག་ཆུ་ཞེ་དྲགས་བཏང་སྟེ་ང་རང་སེམས་སྐྱོ། ཁོང་རང་ཚོའང་སེམས་སྐྱོ་བོ་དེ་འདྲ་བྱུང་སོང་། དེ་འདྲ་གནོན་ཤུགས་ཞེ་དྲགས་སྤྲད་ནས་མིའི་སེམས་མ་སྐྱིད་པ་ཞིག་བཟོས་བ་མ་གཏོགས་སུ་གཅིག་ལ་ཕན་ཐོགས་ཡོད་པ་མ་རེད། ཕྱོགས་གཅིག་ནས་རྒྱ་ནག་གཞུང་གིས་འཆམ་མཐུན་དང་བརྟན་བརླིང་དགོས་ལབ་ཀྱི་ཡོད་ཀྱང་། བྱེད་སྟངས་དེ་ཚོའི་གྲས་ཀྱིས་འཆམ་མཐུན་མི་ཡོང་བ་དང་། བརྟན་བརླིང་མི་ཡོང་བ་བྱེད་ཀྱི་ཡོད་པ་དངོས་ཡོད་གནས་ཚུལ་རེད། བོད་ནང་ལ་ཡོད་མཁན་ཚོ་དང་ང་རང་ཚོའི་ངོས་ནས་ང་ཚོའི་གནས་སྟངས་འདི་འདྲ་ཞིག་གི་སྒང་ལ་ཡོད་དུས་ཚང་མ་ཐུགས་མཐུན་ཁྱིམ་ཚང་གཅིག་བྱེད་དགོས། ཆོལ་ཁའི་འཐེན་འཁྱེར་བྱས་ཏེ་ང་ཚོ་ཁམས་པ་ཡིན། ང་ཚོ་ཨ་མདོ་ཡིན། ང་ཚོ་དབུས་གཙང་དང་མངའ་རིས་ཡིན་ཟེར་བའི་སྐད་ཆ་དེ་ཚོ་མ་བཤད། དེ་ཚོ་ཆུང་ཚགས་ཆུང་ཚགས་རེད། དེ་བཞིན་མི་རིགས་ཀྱི་འགལ་ཟླ་འདྲ་པོ་བོད་དང་རྒྱ་ཟེར་བའི་སྐད་ཆ་དེ་ཚོ་མི་དགོས་པ་རེད། ཅེས་སོགས་གསུངས་སོང་།

_DSC0167

གནས་མཆོག་རྡོ་རྗེ་གདན་ནས་པདྨ་མཚོས་སྤེལ།

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply