ང་ཚོས་༸གོང་ས་མཆོག་ཕྱིར་པོ་ཏ་ལའི་གཟིམ་ཆུང་དུ་གདན་འདྲེན་ཞུ་མ་ཐུབ་བར་རང་ནུས་གང་ཡོད་ཀྱིས་འབད་བརྩོན་བྱ་རྒྱུའི་དམ་བཅའ་བཞག་ཡོད།

ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་སྐུ་ཚབ་ཚོགས་ཆུང་ལ་དགའ་བསུ་ཞུ་བའི་གཞུང་འབྲེལ་མཛད་སྒོའི་ཐོག་༧གོང་ས་མཆོག་གིས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཚོས་དྲང་བདེན་ལ་རྒྱབ་སྐྱོར་གནང་བ་ལས་དཔལ་འབྱོར་ཁེ་ཕན་དང་ཆབ་སྲིད་གནས་བབ་སོགས་ལ་འབྲེལ་བ་མེད་སྐོར་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ པ་ཐོག དྷ་ས་ཐེག་ཆེན་གཙུག་ལག་ཁང་གི་ཆོས་རའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བཞུགས་སྒར་དུ་ཆེད་ཕེབས་གནང་བའི་ཨ་རིའི་དམངས་གཙོ་ཚོགས་པའི་དབུ་འཁྲིད་དང་། གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་ཕི་ལོ་སི་མཆོག་གི་དབུས་པའི་ཨ་རིའི་སྐུ་ཚབ་ཚོགས་ཆུང་ལ་དགའ་བསུ་ཞུ་བའི་གཞུང་འབྲེལ་མཛད་སྒོ་ཞིག་ཚོགས་སོང་བ་དང་། མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་། སྲི་ཞུ་ལས་བྱེད། དྷ་ས་ཁུལ་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ། དེ་བཞིན་ཉེ་འཁྲིས་དགོན་སྡེ་ཁག་གི་གྲྭ་བཙུན་དང་སློབ་གྲྭ་ཁག་གི་དགེ་ལས་སློབ་ཕྲུག དྷ་སར་གནས་སྡོད་སེར་སྐྱ་མི་མང་བཅས་མི་གྲངས་ ༤༠༠༠ ཡས་མས་འཛོམས་འདུག

མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དགའ་བསུའི་གསུང་བཤད་གནང་སྐབས། དབུ་འཁྲིད་ནན་སི་མཆོག་ནི་བོད་ཀྱི་གནད་དོན་ཐད་ཡུན་རིང་ནས་རྒྱབ་སྐྱོར་གནང་མཁན་ཙམ་མིན་པར། ༸གོང་ས་མཆོག་གི་གྲོགས་པོ་ཡག་པོ་ཞིག་ཡིན་པ་མ་ཟད། ཨ་རིའི་གྲོས་ཚོགས་ཀྱི་མི་སྣ་གཞོན་པ་རྣམས་གདན་འདྲེན་ཞུས་ནས་ང་ཚོར་ངོ་སྤྲོད་གནང་གི་ཡོད་སྟབས། གྲོས་ཚོགས་ཀྱི་མི་སྣ་གཞོན་པ་ཚོས་ཀྱང་དབུ་ཁྲིད་ནན་སི་མཆོག་གིས་གནང་བ་ལྟར་མ་འོངས་པར་བོད་དོན་ལ་རྒྱབ་སྐྱོར་གནང་བའི་རེ་བ་གནང་གི་ཡོད་སྐོར་གསུངས་བ་དང་འབྲེལ། སི་རི་ཡའི་རྒྱལ་ཁབ་ནང་དམག་འཁྲུག་འབྱུང་བཞིན་པའི་གནས་ཚུལ་དེ་དག་གསར་འགྱུར་བརྒྱུད་ལམ་གང་སར་མཐོང་རྒྱུ་ཡོད་ཀྱང་། བོད་ནང་གི་གནས་སྟངས་སྐོར་མཐོང་རྒྱུ་མེད། རྒྱལ་སྤྱིའི་གསར་འགོད་པ་ཚོས་ཟེར་ན། བོད་ནང་ལྟ་སྐོར་འགྲོ་རྒྱུ་ལས་བྱང་ཀོ་རི་ཡར་ལྟ་སྐོར་འགྲོ་བ་ལས་སླ་བོ་ཡོད་པ་བཤད་འདུག ང་ཚོས་བྱང་ཀོ་རི་ཡའི་གནས་སྟངས་སྐོར་གསར་འགྱུར་བརྒྱུད་ལམ་གང་སར་མཐོང་རྒྱུ་ཡོད་ཀྱང་། བོད་ཀྱི་གནས་སྟངས་སྐོར་མཐོང་རྒྱུ་མེད། ད་ལྟའི་བར་ང་ཚོས་ཤེས་རྟོགས་བྱུང་བ་ལྟར་ན། བོད་མི་ ༡༤༧ གྱིས་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། ད་ལོ་གཅིག་པུར་བོད་མི་ ༣ གྱིས་རང་ལུས་མེར་བསྲེགས་གནང་ཡོད། ཕྱི་ཟླ་ ༥ ཚེས་ ༢ ཉིན་གཞོན་སྐྱེས་ཤིག་གིས་རང་ལུས་མེར་བསྲེགས་གནང་ཡོད། ང་ཚོས་རང་ལུས་མེར་བསྲེག་གནང་བར་སྐུལ་མ་གཏོང་གི་མེད་ཀྱང་། བོད་ནང་མུ་མཐུད་དེ་རང་ལུས་མེར་བསྲེག་གནང་བཞིན་པ་དེས་ག་རེ་མཚོན་གྱི་ཡོད་པ་རེད་ཟེར་ན། རྒྱ་ནག་གཞུང་གི་བཙན་གནོན་བཟོད་ཐབས་བྲལ་ཏེ་འ་ཆད་འུ་ཐུག་ནས་བློ་ཐག་དེ་འདྲ་བཅད་པ་མཚོན་གྱི་ཡོད་སྐོར་གསུངས་སོང་།

ཨ་རིའི་གྲོས་ཚོགས་འཐུས་མི་ཇེམ་སིན་སིན་བྷི་རིན་ནིར་(Jim Sen Senbrenner)ལགས་ཀྱིས། ཨ་རིའི་གྲོས་ཚོགས་ནང་གི་ཆབ་སྲིད་ཚོགས་པ་སུ་ཡིན་ཡང་༸གོང་ས་མཆོག་ལ་བརྩི་མཐོང་ཞུ་ཡི་ཡོད་པ་དང་། ང་ཚོས་༸གོང་ས་མཆོག་ལ་བརྩེ་བ་དང་གུས་བརྩི་ཆེན་པོ་ཡོད་པ་མ་ཟད། བོད་ཀྱི་གནད་དོན་དེར་སེམས་འཁུར་དང་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ༸གོང་ས་མཆོག་ནི་བོད་མི་གཅིག་པུའི་སེམས་ཤུགས་འཕར་ས་མིན་པར། འཛམ་གླིང་ཕྱོགས་ཡོངས་ཀྱི་མི་མང་གིས་སེམས་ཤུགས་སྐྱེ་ས་ཞིག་རེད་ལ། འཛམ་གླིང་གི་དགའ་ས་དང་གུས་བརྩི་ཞུ་ས་ཞིག་ཆགས་ཡོད་སྐོར་གསུངས་སོང་།

གྲོས་ཚོགས་འཐུས་མི་ཇེམ་མག་གྷོ་ཝིན་(Jim McGovern)ལགས་ཀྱིས། ༸གོང་ས་མཆོག་གིས་མི་སེམས་བཟང་གང་འདྲ་བྱེད་དགོས་མིན་དང་ཁོར་ཡུག་ལ་བདག་གཅེས། དེ་བཞིན། གོ་ལའི་ཚ་དྲོད་སྐོར་གསུང་གི་ཡོད། ཁོང་ཚོ་དྷ་རམ་ས་ལར་ཡོང་བ་ནི་༸གོང་ས་མཆོག་ལ་ཡིད་ཆེས་ཡོད་པ་དང་། ཁོང་དང་བོད་དོན་ཐད་རྒྱབ་སྐྱོར་ཡོད་སྟབས་བསླེབས་པ་རེད། དབུ་མའི་ལམ་གྱི་ཐོག་ནས་བོད་ཀྱི་བདེན་དོན་གང་མྱུར་གསལ་བའི་རེ་བ་བྱེད་ཀྱི་ཡོད་སྐོར་གསུངས་སོང་།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དགའ་བསུའི་གསུང་བཤད་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་འཛམ་གླིང་གི་ཡུལ་ཕྱོགས་གང་སར་གནས་པའི་བོད་མི་རྣམས་ཀྱི་ཚབ་ཞུས་ཏེ། ཨ་རིའི་དམངས་གཙོ་ཚོགས་པའི་དབུ་འཁྲིད་དང་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་ཕི་ལོ་སི་མཆོག་གིས་སྣེ་འཁྲིད་པའི་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ་བཅས་དེ་རིང་འདིར་མཉམ་བཞུགས་གནང་བར་དགའ་བསུ་ཞུ་ཡི་ཡོད་ལ། ཁྱེད་རྣམ་པ་ཚང་མས་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེན་གནང་བཞིན་ཡོད་སྟབས། དེ་རིང་གི་མཉམ་འཛོམས་འདི་ནི་བོད་ཀྱི་ལོ་རྒྱུས་ཁྲོད་གལ་གནད་ཆེན་པོ་ཞིག་ཆགས་ཡོད་ལ། འདིས་མ་འོངས་པར་རྒྱ་ནག་གཞུང་ལ་བོད་མི་རྣམས་ནམ་ཡང་ཁེར་རྐྱང་མིན་པའི་བརྡ་ལན་གསལ་པོ་ཞིག་སྤྲོད་ཐུབ་ངེས་རེད། ཅེས་དང་། བོད་ནང་གི་གནས་སྟངས་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད་ལ། བོད་ནང་གི་རང་ལུས་མེར་བསྲེགས་དང་དགོན་སྡེ་གཏོར་བཤིག ཆོས་ལུགས་དད་པ་རང་མོས་ལ་བཙན་གནོན། དེ་བཞིན་རྒྱ་མི་རིགས་ཀྱི་སྐད་ཡིག་དར་ཁྱབ་བཏང་སྟེ་བོད་མིའི་ངོ་བོ་མཚོན་བྱེད་དུ་གྱུར་བའི་སྐད་ཡིག་སློབ་སྦྱོང་བྱེད་པར་འགོག་རྐྱེན་བཟོ་བ། བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་བཟོ་བ་སོགས་ཀྱི་སྲིད་བྱུས་མུ་མཐུད་དུ་ལག་བསྟར་བྱེད་བཞིན་ཡོད་པ་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཡར་རྒྱས་གང་ཡང་མེད་སྐོར་དང་། ༧གོང་ས་མཆོག་གི་དགོངས་གཞི་གཉིས་སྨན་དབུ་མའི་ལམ་ནི་བོད་དོན་ཞི་བའི་ངང་སེལ་བའི་ཐབས་ལམ་ཉག་ཅིག་ཡིན་ལ། རྒྱ་ནག་འཆམ་མཐུན་དང་ཆིག་སྒྲིལ་ཡོང་བའི་ལམ་ཀ་ཡང་ཡིན་སྟབས། རྒྱ་ནག་གཞུང་གི་དཔོན་རིགས་ཚོར་༧གོང་ས་མཆོག་གི་སྐུ་ཚབ་མཉམ་དུ་འབྲེལ་མོལ་གནང་བར་སྐུལ་མ་གནང་དགོས་སྐོར་གསུངས་སོང་།

ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨ་ལོ་ཊི་ཨན་གྷུལ་(Eliot Engel)ལགས་ཀྱིས། དེ་རིང་འདིར་གྲོགས་པོ་མང་པོ་དང་བོད་མི་ཚོ་དང་མཉམ་དུ་འཛོམས་པར་ཧ་ཅང་དགའ་བོ་བྱུང་ལ། ཁ་སང་བོད་ཁྱིམ་གྱི་སློབ་ཕྲུག་སྙིང་རྗེ་བོ་ཚོ་དང་ཐུག་སྟེ་རྩེད་མོ་རྩེས་བ་དང་སྐད་ཆ་བཤད་རྒྱུ་བྱུང་བར་ཧ་ཅང་དགའ་བྱུང་སྐོར་དང་། ཨ་རིས་མི་མང་ལ་དམངས་གཙོ་དང་རང་དབང་དགོས་པར་འདོད་ཀྱི་ཡོད་ལ། དམིགས་བསལ་གྱིས་བོད་མི་རྣམས་ལ་དམངས་གཙོ་དང་རང་དབང་ཐོབ་དགོས་པར་འདོད་ཀྱི་ཡོད། ཁོང་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ནས་ཡོང་བ་དང་། དེ་རུ་རང་དབང་དང་གོ་སྐབས་གཅིག་མཚུངས་ཀྱི་མངོན་འདོད་མཚོན་པའི་རང་དབང་ལྷ་མོའི་སྐུ་བརྙན་སྙིང་རྗེ་བོ་ཞིག་ཡོད་ལ། བོད་མི་ཚོས་ཀྱང་རང་དབང་ལ་རེ་འདོད་བྱེད་བཞིན་པ་གཅིག་མཚུངས་ཡིན་སྟབས། བོད་ལ་རང་དབང་མ་འཐོབ་བར་དུ་ཁོང་གིས་བོད་མིའི་མངོན་འདོད་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་ལ། རྒྱ་གཞུང་གིས་དམངས་གཙོ་བཤད་སྐབས་བོད་མི་ཚོར་སོ་སོའི་དད་མོས་རང་ཐག་རང་གཅོད་བྱེད་དུ་འཇུག་པ་དང་། མ་འོངས་པར་བོད་ག་འདྲ་དགོས་མིན་བོད་མི་ཚོ་རང་ལ་ཐག་གཅོད་དུ་འཇུག་དགོས་ལུགས་དང་། ཁོང་གིས་རྒྱ་ནག་ལ་ལྟ་སྐབས་མནར་གཅོད་ཅིག་མཐོང་བ་དང་། བོད་མི་ཚོར་ལྟ་སྐབས་རང་དབང་དང་གོ་སྐབས་ཤིག་མཐོང་གི་འདུག་སྐོར་གསུངས་སོང་།

གྲོས་ཚོགས་འཐུས་མི་ཕར་མི་ལཱ་ཇ་ཡ་ཕལ་(Pramila Jayapal)ལགས་ཀྱིས། ༧གོང་ས་མཆོག་ནས་བོད་མི་གཅིག་པུར་དབུ་འཁྲིད་ལམ་སྟོན་གནང་བ་ཙམ་མིན་པར་འཛམ་གླིང་ཡོངས་ཀྱི་ནང་དྲང་བདེན་དང་ཞི་བདེ། རང་དབང་། འགྲོ་བ་མིའི་རིགས་དང་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྐྱོབ་ཐབས་བྱེད་མཁན་ཚང་མར་ལམ་སྟོན་གནང་བཞིན་ཡོད་པ་དང་། ད་ལན་བལ་ཡུལ་དང་རྒྱ་གར་ནང་གཟིགས་སྐོར་དུ་ཕེབས་པ་དེ་ཧ་ཅང་དམིགས་བསལ་ཞིག་ཆགས་ཡོད། གང་ཡིན་ཟེར་ན། ཁོང་རྒྱ་གར་ནང་སྐྱེས་ཤིང་ཆིན་ནའི་གྲོང་ཁྱེར་དང་བྷང་ལོར། ཨུ་ཊར་ཁན་མངའ་སྡེའི་ནང་ཡོད་པའི་བཙན་བྱོལ་བོད་མི་རྣམས་དང་མཉམ་གནས་བྱས་པར་བསོད་བདེ་ཆེན་པོ་བྱུང་བ་དང་། ཁོང་གི་སྐྱེས་ཡུལ་རྒྱ་གར་གཞུང་གིས་བཙན་བྱོལ་བོད་མི་རྣམས་ལ་གནས་ཚང་གཡར་པ་དང་བཙན་བྱོལ་གཞུང་བདེ་གནས་ཐུབ་པར་སྤོབས་པ་ཆེན་པོ་བྱུང་སྐོར་དང་། ཁོང་རང་དབང་དང་དྲང་བདེན། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་ནུས་པ་འདོན་བཞིན་པའི་ཨ་རིའི་རྒྱལ་ཁབ་ཀྱི་མི་སེར་ཞིག་ཡིན་པར་སྤོབས་པ་སྐྱེ་ཡི་ཡོད་ལ། ཨ་རིས་བོད་མི་ཚོ་ཕྱིར་རང་ཡུལ་དུ་ལོག་སྟེ་སོ་སོའི་ཆོས་ལུགས་ཉམས་ལེན་དང་རིག་གཞུང་སྲུང་འཛིན་ཐུབ་པར་རྒྱབ་སྐྱོར་གྱི་ནུས་ཤུགས་འདོན་དགོས་སྐོར་གསུངས་སོང་།

སྐུ་ཚབ་ཚོགས་ཆུང་གི་དབུ་འཁྲིད་ལྕམ་ནན་སི་ཕི་ལོ་སི་མཆོག་གིས། ༸གོང་ས་མཆོག་གི་རེ་བས་ཁོང་ཚོར་སེམས་ཤུགས་སྤར་ཡོད་པ་དང་། ཁོང་མོ་དཀའ་ངལ་གདོང་ལེན་བྱེད་མཁན་ཞིག་དང་སྔོན་མ་ལས་མི་ཕན་ཐོགས་ཡོད་མཁན་ཞིག་ཆགས་ཡོད་ལ། ཁོང་མོའི་རེ་བ་དེ་ཚོ་༸གོང་ས་མཆོག་གི་བྱམས་བརྩེའི་ལམ་སྟོན་ལས་བྱུང་ཞིང་། མི་ཚོས་རེ་བ་ཞེས་པ་དེ་ག་པར་ཡོད་ཟེར་གྱི་ཡོད་པ་དང་། རེ་བ་ནི་༸གོང་ས་མཆོག་གིས་གསུངས་པ་དེར་ཡོད་སྟབས། བྱམས་བརྩེས་ང་ཚོར་རེ་བ་བྱིན་གྱི་ཡོད་སྐོར་དང་། ཁ་སང་བོད་ཁྱིམ་དུ་གཟིགས་སྐོར་ལ་ཕེབས་སྐབས་བོད་ཕྲུག་ཚོའི་མིག་མདངས་ལས་ཉིན་ཞིག་བོད་དུ་ལོག་ཐུབ་པའི་རེ་བ་མཐོང་བ་དང་། དེ་བཞིན་ཁ་སང་དགོང་མོ་དང་དེ་རིང་བོད་པའི་ཟློས་གར་ཚོགས་པར་བལྟས་རྗེས། ཁོང་ཚོས་བོད་ཀྱི་རིག་གཞུང་གོམས་སྲོལ་ངོ་མ་བོད་ལ་འཁུར་ཐུབ་པའི་རེ་བ་མཐོང་སོང་། བོད་ཀྱི་ཆབ་སྲིད་ཀྱི་དབུ་འཁྲིད་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ལྟ་སྐབས་བོད་ལ་རང་དབང་གི་གནས་སྟངས་ཇེ་ཡག་ཏུ་འགྲོ་བའི་རེ་བ་མཐོང་ཡོད་སྐོར་དང་། ཁོང་མོས་མུ་མཐུད་དུ། “ང་ཚོ་སྐུ་ཚབ་འཐུས་མི་བཞི་པོ་བོད་དུ་སྐྱོད་སྐབས་ཕོ་བྲང་པོ་ཏཱ་ལའི་༧གོང་ས་མཆོག་གི་གཟིམ་ཆུང་ནང་ང་དང་ངའི་རོགས་པ་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་སླར་གཟིམ་ཆུང་དེར་གདན་འདྲེན་ཞུ་མ་ཐུབ་བར་རང་ནུས་གང་ཡོད་ཀྱིས་འབད་བརྩོན་ཞུ་རྒྱུའི་དམ་བཅའ་བཞག་པ་ཡིན། རྒྱ་ནག་གཞུང་གིས་དཔལ་འབྱོར་སྟོབས་ཤུགས་ཀྱིས་བོད་དོན་རྒྱབ་སྐྱོར་བ་ཚོར་གནོན་ཤུགས་སྤྲོད་ཀྱི་ཡོད་པ་རེད། གལ་ཏེ་ང་ཚོས་ཀྱང་རྒྱ་ནག་གི་དཔལ་འབྱོར་གནོན་ཤུགས་ལ་བརྟེན་ཏེ་བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་དཀའ་ངལ་དེར་ངོ་རྒོལ་མ་བྱས་ཚེ་ང་ཚོས་འཛམ་གླིང་ས་ཕྱོགས་གཞན་གང་དུའང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སྐོར་བཤད་པའི་ཐོབ་ཐང་རང་བཞིན་གྱིས་མེད་པ་ཆགས་འགྲོ་བ་རེད།” ཅེས་སོགས་གསུངས་སོང་།

མཇུག་ཏུ་༧གོང་ས་མཆོག་གིས་བོད་མིར་རྒྱབ་སྐྱོར་གནང་བ་དེ་དྲང་བདེན་ལ་རྒྱབ་སྐྱོར་གནང་བ་ཞིག་ཡིན་པ་ལས་དཔལ་འབྱོར་ཁེ་ཕན་དང་ཆབ་སྲིད་དགོས་མཁོ་སོགས་ལ་འབྲེལ་བ་མེད་སྐོར་གསུངས་དོན། ཕྱི་ལོ་ ༡༩༥༩ ལོར་ང་ཚོ་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་སྐབས། ང་རང་ཚོ་བོད་པའི་ཁ་རྒྱུན་དུ་ཡོད་པ་ལྟར་ངོ་ཤེས་པ་གནམ་དང་ས་མ་གཏོགས་མེད་པ་འདྲ་པོ་ཆགས་ཏེ། ག་འདྲ་བྱེད་ཡོང་བསམ་ནས་དངངས་འཚབ་བྱས་ནས་བསྡད་པའི་གནས་སྟངས་ཆགས་ཡོད་པ་རེད། ཡིན་ནའང་། ང་ཚོ་བཙན་བྱོལ་བ་ཆགས་ཏེ་ལོ་ངོ་ ༥༨ ལྷག་ཕྱིན་པའི་ནང་ང་ཚོ་ག་འདྲ་བྱེད་ཡོང་ན་བསམ་པའི་དངངས་སྐྲག་དེར་རིམ་གྱིས་འགྱུར་བ་ཕྱིན་པ་རེད། སྤྱིར་བཏང་ང་ཚོ་བཙན་བྱོལ་བའི་ངོས་ནས་བཤད་ན་སྐྱབས་མེད་མགོན་མེད་འདྲ་པོ་རེད་དེ། ང་ཚོར་ངོ་ཤེས་མེད་སར་ངོ་ཤེས་བྱུང་། གྲོགས་པོ་མེད་སར་གྲོགས་པོ་བྱུང་། ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་བྱེད་མཁན་དེ་དཔལ་འབྱོར་གྱི་ཁེ་ཕན་ལ་བལྟས་ནས་རྒྱབ་སྐྱོར་གནང་བ་མ་རེད་ལ། ཆབ་སྲིད་ཀྱི་གནས་སྟངས་འོག་ནས་རྒྱབ་སྐྱོར་གནང་བའང་མིན་པར་བདེན་པ་ལ་རྒྱབ་སྐྱོར་གནང་གི་ཡོད་པ་རེད། དཔེར་ན་དེ་རིང་ལ་ཆ་བཞག་ན། ཨ་རིའི་གྲོས་ཚོགས་འཐུས་མི་ནན་སི་ཕི་ལོ་སི་མཆོག་ང་ཚོ་ལོ་མང་པོ་ནས་ངོ་ཤེས་པ་རེད། ཁོང་དང་ཁོང་གི་ཕྱག་རོགས་འཐུས་མི་དགའ་རབ་ཅིག་འདིར་ཕེབས་ཡོད་པ་རེད། འདི་ཚོར་ང་ཚོས་དཔལ་འབྱོར་གྱི་ཐོག་ནས་རོགས་རམ་བྱས་བཞག་པ་མ་རེད། ང་ཚོ་སྐྱོ་པོ་བྱས་ནས་བསྡད་ཡོད་པ་རེད། ཁོང་ཚོས་ག་རེ་བྱས་ནས་རྒྱབ་སྐྱོར་གནང་བ་རེད་ལབ་ན། ང་ཚོར་བདེན་པ་ཡོད་པ་རེད། བདེན་པ་ཡོད་པ་གཅིག་པུས་ཀྱང་འགྲིག་གི་མི་འདུག བདེན་པ་ཡོད་ནའང་འཚེ་བའི་ལམ་དུ་ཕྱིན་པ་ཡིན་ན་མིའི་ཤ་ཚ་བསླེབས་རྒྱུ་ཁག་པོ་རེད། ང་ཚོར་བདེན་པ་ཡོད་པ་དེ་མ་རྩར་བཞག་སྟེ་མཐའ་གཅིག་ཏུ་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་ང་ཚོས་འཐབ་རྩོད་བྱེད་བཞིན་ཡོད་ལ། ལོ་རེ་ནས་ལོ་རེ་བཞིན་བོད་པར་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དེ་ནི་ང་ཚོས་ལྷག་བསམ་རྣམ་དག་དང་དྲང་པོ་དྲང་བཞག་གིས་དཀའ་ལས་རྒྱག་བཞིན་ཡོད་པར་བརྟེན། འཛམ་བུ་གླིང་གི་ཐོག་རིན་ཐང་འདྲ་པོ་བསླེབས་ཏེ་དོ་སྣང་བསླེབ་ཀྱི་ཡོད་པ་དང་། ལྷག་བསམ་རྣམ་དག་དང་དྲང་པོ་དྲང་བཞག་ནི་ང་ཚོ་བོད་པའི་རིག་གཞུང་དང་གོམས་གཤིས་ཤིག་ཆགས་ཡོད་པ་རེད། ཅེས་དང་། དེང་སང་འཛམ་གླིང་ཐོག་མིས་བཟོས་པའི་དཀའ་ངལ་མང་པོ་འཕྲད་བཞིན་ཡོད་པ་དེ་བྱམས་བརྩེའི་ཐོག་ནས་སེལ་ཐུབ་དགོས་པ་མ་གཏོགས་དབང་ཡོད་དང་གོ་མཚོན་གྱིས་འདས་པའི་དུས་སུ་དཀའ་ངལ་སེལ་ཐུབ་མེད་ལ། མ་འོངས་པ་ལའང་སེལ་ཐབས་མེད་སྐོར་གསུངས་སོང་།

གསར་འགོད་པ། ཉི་མ་ཚེ་རིང་དང་པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༥/༡༠

Leave a Reply

One thought on “ང་ཚོས་༸གོང་ས་མཆོག་ཕྱིར་པོ་ཏ་ལའི་གཟིམ་ཆུང་དུ་གདན་འདྲེན་ཞུ་མ་ཐུབ་བར་རང་ནུས་གང་ཡོད་ཀྱིས་འབད་བརྩོན་བྱ་རྒྱུའི་དམ་བཅའ་བཞག་ཡོད།

  1. ས་མཐའི་སྤུན་

    ༧གོང་ས་མཆོག་གི་ལོ་ངོ་བཅུ་ཕྲག་དྲུག་ལྷག་ཐབས་ཤེས་ཡོང་རྒུ་སྤྱད་དེ་སྐུ་ལས་བསྐྱོན་པ་དང་། ཆོས་མེད་རིང་ལུགས་འཛིན་པའི་བསྟན་དགྲ་རྒྱ་དམར་གུང་བྲན་ལ་ཡང་བྱམས་པ་དང་བརྩེ་བ། བདེ་སྐྱིད་དགོས་པ་སོགས་རང་རེ་དང་གཅིག་མཚུངས་ཡིན་པ་དང་། རིད་མེད་པའི་འགྲོ་བ་མཐའ་དག་ལ་ཕན་པ་གང་ཐུབ་བསྒྲུབ་དགོས་པའི་བཀའ་སློབ་ཟབ་མོ་གར་ཕེབས་གསུངས་པ་དེ་བཞིན་དུ་༧གོང་ས་མཆོག་སྐུ་སྒེར་གྱིས་ཀྱང་ཐུགས་ཉམས་སུ་བཞེས་པ་ལ་བརྟེན་ནས་བདེན་པ་ལ་བདེན་རྒྱབ་གནང་བ་ཡིན་པས་བཀྲིན་ཆེན་པོ་རེད། དེས་ན་རང་རེས་ཀྱང་༧གོང་ས་མཆོག་གི་ཐུགས་འདུན་ཟབ་མོ་རྣམས་བདེ་བླག་ངང་བསྒྲུབ་པར་བཀའ་དགོངས་གཞིར་བཟུང་ཤར་བསྐྱོད་བྱ་དགོས། བཀྲིས་བདེ་ལེགས།