དབུལ་སྐྱོབ་དགོས་ན་སྐུ་པར་མ་བཤམ།

རྒྱ་གཞུང་གི་དབུལ་སྐྱོབ་ཟེར་བའི་ལས་གཞིའི་ཁོངས་ཚུད་པའི་བོད་རིགས་དུད་ཁྱིམ་ཚོས་གུང་ཁྲན་ཏང་གི་རྗེས་འབྲངས་ཏེ་༧གོང་ས་མཆོག་གི་སྐུ་པར་བཤམ་མི་ཆོག་པའི་བཀའ་བཏང་འདུག

རྒྱ་ནག་གཞུང་གིས་བོད་ཁུལ་གྱི་ས་ཆ་མང་པོར་བཙན་དབང་གིས་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་དང་། མགོ་འཁྲིད་རིམ་པའི་འདྲ་པར་བཤམ་དུ་འཇུག་བཞིན་ཡོད་པ་མ་ཟད། ཁྱིམ་ཚང་རེ་རེ་དང་མི་སྒེར་རེ་རེའི་ཁ་པར་ནང་སོགས་སུ་སྔོག་བཤེར་བྱས་ཏེ། ༧གོང་ས་མཆོག་གི་སྐུ་པར་སྒྲིག་བཤམ་མི་ཆོག་པའི་བཙན་དབང་གི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་ལྟར། དགེ་འདུན་པ་བྱང་ཆུབ་སེམས་དཔའ་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། སི་ཁྲོན་ཟུང་ཆུ་རྫོང་ཁོངས་ཀྱི་གྲོང་ཚོ་ཞིག་ནས་ཡིན་པའི་བུད་མེད་ཅིག་གིས། རྒྱ་ནག་གཞུང་གིས་ཁོང་ཚོའི་གྲོང་ཚོ་དེར་དབུལ་སྐྱོབ་བྱེད་ཀྱི་ཡོད་པ་དང་། ས་གནས་སྲིད་གཞུང་གི་ལས་བྱེད་ཚོ་མཚམས་རེར་དུད་ཁྱིམ་རེ་རེའི་ནང་དུ་ཡོང་སྟེ་བརྟག་དཔྱད་བྱེད་ཀྱི་ཡོད་ལ། ཁྱིམ་དུ་༧གོང་ས་མཆོག་གི་སྐུ་པར་བཤམ་ཡོད་པ་མཐོང་ཚེ། སྐུ་པར་བཤམ་ན་མི་ཆོག་པ་དང་། ཁོང་གི་ཞབས་རྗེས་འབྲངས་ན་སོ་སོར་ཆག་སྒོ་འབྱུང་རྒྱུ་ཡིན་སྟབས། དེ་ལས་རྒྱ་ནག་གཞུང་གི་རྗེས་སུ་འབྲངས་ན་ཡག་པོ་ཡོང་སྐོར་བརྗོད་ཡོད་པ་མ་ཟད། བཙན་དབང་གིས་ཁྱིམ་ཚང་རེ་རེའི་སྒོ་ཁར་གུང་ཁྲན་ཏང་གི་དར་ཆ་དང་སྐར་ལྔའི་དར་དམར་སྒྲེང་འཛུགས་བྱེད་དུ་འཇུག་བཞིན་ཡོད་སྐོར་བརྗོད་འདུག

ཡང་བུད་མེད་དེས། བོད་ལ་རང་དབང་གཏན་ནས་མེད་པར་སེམས་པ་སྐྱོ་དགོས་པ་ཞིག་ཡིན་ལ། ལྷ་སར་གནས་མཇལ་དུ་ཕྱིན་པ་ཡིན་ནའང་གདན་ས་གསུམ་གྱི་ནང་༧གོང་ས་མཆོག་གི་སྐུ་པར་གཅིག་ཀྱང་མཇལ་རྒྱུ་མེད་སྟབས་མོ་རང་གི་སེམས་པར་སྐྱོ་སྣང་ཆེན་པོ་བྱུང་བ་དང་། རིག་གནས་གསར་བརྗེ་སྐབས་ཀྱི་དཀའ་སྡུག་ཆེན་པོ་སོ་སོས་དངོས་སུ་མྱངས་མེད་ཀྱང་། དེང་སང་བོད་ནང་རང་དབང་མེད་པའི་གནས་སྟངས་དེར་ངུ་ཤོར་ཞིང་ཡིད་སྐྱོ་བ་ཞིག་ཡིན་སྐོར་དང་། ༧གོང་ས་མཆོག་དགུང་གྲངས་ ༨༠ ནང་ཕེབས་ཡོད་ཀྱང་ད་དུང་བོད་ལ་ལོག་ཕེབས་པའི་རང་དབང་མེད་པ་མ་ཟད། ཁྱིམ་ཚང་ཞིག་གི་ནང་ཁོང་གི་སྐུ་པར་བཤམ་པའི་རང་དབང་ཡང་མེད་སྟབས། ཁོང་གི་སྐུ་པར་བཤམ་ན་སྐྲག་སྣང་འཇིགས་སྣང་བྱེད་དགོས་པའི་ཡིད་སྐྱོའི་གནས་སུ་ལྷུང་ཡོད་སྐོར་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply