དབྱིན་ཇིའི་གྲོས་ཚོཊ་ཁང་གི་ཕྱི་ལོཊ་སུ་དྲག་སྤྱོད་སྤེལ།

དབྱིན་ཇིའི་གྲོས་ཚོགས་ཁང་གི་ཕྱི་ལོགས་སུ་འཇིགས་སྐུལ་བས་དྲག་སྤྱོད་སྤེལ་བའི་ཁྲོད་མི་ ༥ དམར་གསོད་དང་མི་ ༤༠ ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༢ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢།༤༠ སྟེང་། དབྱིན་ཇིའི་རྒྱལ་ས་ལོན་ཊོན་གྱི་དབྱིན་ཇིའི་གྲོས་ཚོགས་ཁང་གི་ཕྱི་ལོགས་སུ་ལག་ཏུ་གྲི་ཐོགས་པའི་འཇིགས་སྐུལ་བ་ཞིག་གིས་མི་མང་ནང་གང་བྱུང་རླངས་འཁོར་སྐོར་ཏེ་དྲག་སྤྱོད་སྤེལ་བའི་ཁྲོད་འཇིགས་སྐུལ་བ་ཚུད་པའི་མི་ ༥ རྐྱེན་ལམ་དུ་ཤོར་བ་དང་། མི་ ༤༠ ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་འདུག

གནས་ཚུལ་ནང་། དྲག་སྤྱོད་པ་དེས་དབྱིན་ཇིའི་གྲོས་ཚོགས་ཁང་གི་ཕྱི་ལོགས་སུ་ཉེན་རྟོག་པ་ཞིག་ལ་གྲིས་བརྒྱབ་སྟེ་བསད་ཡོད་པ་དང་། དབྱིན་ཇིའི་གྲོས་ཚོགས་ཁང་གི་ཉེ་འཁྲིས་ཀྱི་ཝི་སི་ཊི་མེན་ས་ཏིར་ཟམ་སྟེང་ (Westminster Bridge) དུ་མི་ ༤ རླངས་འཁོར་འོག་གཅིར་ནས་བསད་ཡོད་པ་དང་། སྐབས་དེར་དབྱིན་ཇིའི་ཉེན་རྟོག་དམག་མིས་འཇིགས་སྐུལ་བ་ ༢ ལ་མེ་མདས་བརྒྱབ་སྟེ་ཡུལ་དངོས་སུ་བསད་ཡོད་སྐོར་བཀོད་འདུག

དབྱིན་ཇིའི་སྲིད་བློན་ལྕམ་མའེ་ (May) ལགས་ཀྱིས། ཐེངས་འདིའི་འཇིགས་སྐུལ་དྲག་སྤྱོད་དེ་ནི་གློ་བུར་བྱུང་བའི་དོན་རྐྱེན་ཞིག་མ་ཡིན་པར་ཁ་ཆེ་འཇིགས་སྐུལ་བས་དམིགས་ཡུལ་དང་འཆར་གཞི་ཡོད་པའི་ཐོག་ནས་བཟོས་པ་ཞིག་ཡིན་པ་དང་། དྲག་སྤྱོད་པས་རྒྱལ་ས་ལོན་ཊོན་དམིགས་འབེན་དུ་འཛིན་དོན་གཙོ་བོ། དེ་གར་རྒྱལ་ཞེན་རིང་ལུགས་པ་དང་། ཆོས་ལུགས་དང་རིག་གཞུང་མི་འདྲ་བའི་མི་མང་འདུ་འཛོམས་ཀྱིས་རང་དབང་དང་དམངས་གཙོ། སྨྲ་བརྗོད་རང་དབང་སོགས་ལོངས་སུ་སྤྱོད་བཞིན་ཡོད་པས་ཡིན་སྐོར་བརྗོད་འདུག

ལོན་ཊོན་གྲོང་ཁྱེར་སྤྱི་ཁྱབ་ས་ཌེ་ཆི་ཁན་ (Sadiq Khan) ལགས་ཀྱིས་དབྱིན་ཇིའི་ཉེན་རྟོག་ཕྱོགས་ནས་གྲོང་ཁྱེར་ལོན་ཊོན་གྱི་སྲང་ལམ་ཁག་ཡོངས་ལ་ལྟ་སྲུང་ནན་མོ་བྱས་ཏེ་མི་མང་གི་བདེ་འཇགས་འགན་སྲུང་བྱེད་དགོས་པ་དང་། གཞུང་མང་ཚང་མ་མཉམ་རུབ་ཐོག་ནས་ལོན་ཊོན་གྲོང་ཁྱེར་ནང་འཇིགས་སྐུལ་དྲག་སྤྱོད་ཀྱི་དོན་རྐྱེན་ཡང་བསྐྱར་འབྱུང་དུ་འཇུག་རྒྱུ་མིན་སྐོར་བརྗོད་འདུག

ཐེངས་འདིའི་དྲག་སྤྱོད་དོན་རྐྱེན་དེ་ནི་ (IS) དང་འབྲེལ་བ་ཡོད་པའི་ཐད་ལ་དབྱིན་ཇིའི་གཞུང་གིས་དོགས་གཞི་བྱེད་ཀྱིན་ཡོད་པ་དང་། འཇིགས་སྐུལ་དྲག་སྤྱོད་ཁྲོད་ཤི་རྨས་བྱུང་བའི་མི་མང་གི་གྲས་སུ་ཧྥ་རན་སིའི་སློབ་ཕྲུག་དང་། རའོ་མ་ནེ་ཡ་དང་ལྷོ་ཀོ་རི་ཡ་བཅས་ཀྱི་ཡུལ་སྐོར་སྤྲོ་འཆམ་པའང་ཡོད་འདུག

ཕྱི་ལོ་ ༢༠༡༥ ལོའི་ ༧ ཚེས་ ༧ ཉིན་གྲོང་ཁྱེར་ལོན་ཊོན་གྱི་འགྲིམ་འགྲུལ་ས་ཚིགས་ཤིག་ཏུ་ཁ་ཆེ་འཇིགས་སྐུལ་བ་བཞིས་འགད་རྫས་གཏོར་བའི་ཁྲོད་མི་ ༥༢ དམར་གསོད་དང་མི་ ༧༠༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༣/༢༣

Leave a Reply