དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་ཁང་བརྩེགས་ཤིག་མེར་ཤོར།

མདང་ནུབ་མི་ཚང་མ་གཉིད་ཁུག་སྡོད་པའི་སྐབས་སུ་དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་ཁང་བརྩེགས་ ༢༧ ཅན་ཞིག་ལ་མེ་སྐྱོན་ཚབས་ཆེན་བྱུང་སྟེ་ད་ལྟ་ད་དུང་མེ་གསོད་མ་ཐུབ་པར་འབར་བཞིན་ཡོད་འདུག

སི་ཨིན་ཨིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མདང་ནུབ་མཚན་སྨད་དབྱིན་ཡུལ་གྱི་ཆུ་ཚོད་ ༡།༡༥ ཙམ་ལ་དབྱིན་ཇིའི་རྒྱལ་ས་ན་ཌོན་(London)གྲོང་ཁྱེར་ནུབ་ཕྱོགས་ཀྱི་ཐོག་ཁང་(Grenfell Tower)ཞེས་བར་གློ་བུར་དུ་མེ་སྐྱོན་བྱུང་སྟེ་ཁང་བརྩེགས་ཧྲིལ་བོར་མེ་འབར་ཡོད་འདུག

ཁང་པ་དེར་ཐོག་བརྩེགས་ ༢༧ དང་ཁང་མིག་ཆེ་ཆུང་ ༡༢༠ ཡོད་པ་དང་། མེ་སྐྱོན་བྱུང་རྗེས་མེ་གསོད་རུ་ཁག་ ༢༠༠ དང་། ཆུ་མཛོད་རླངས་འཁོར་༤༠ ཙམ་འབྱོར་ཏེ་མེ་གསོད་ཐབས་བྱེད་བཞིན་ཡོད་ཀྱང་། ད་ནིང་ཞོགས་པ་ད་དུང་མེ་འབར་བཞིན་ཡོད་འདུག་ལ། ད་ལྟ་ཁང་བརྩེགས་དེའི་ནང་གི་མི་ག་ཚོད་ཀྱི་ཚེ་སྲོག་ཤོར་ཡོད་པ་དང་ག་ཚོད་ཕྱི་ལོགས་སུ་ཐར་ཡོད་པ། དེ་བཞིན། ག་ཚོད་ད་ལྟ་ཁང་པའི་ནང་ལྷག་ཡོད་པ་སོགས་ཀྱི་གནས་ཚུལ་གསལ་བོ་ཤེས་རྟོགས་ཐུབ་མེད་ཀྱང་། ཐོག་ཁང་དེའི་ཉེ་འགྲམ་གྱི་ཁྱིམ་མཚེས་ཞིག་གིས་མི་འགའ་ཐོག་ཁང་དེ་ལས་མར་མཆོངས་ཏེ་མེ་སྐྱོན་ལས་བྲོས་ཐབས་བྱེད་བཞིན་པ་མཐོང་ཡོད་འདུག

ལོན་ཌོན་ཉེན་རྟོག་པས་བརྗོད་པ་ལྟར་ན་ཁོང་ཚོས་ད་སྔ་མི་གཉིས་སྐྱོབ་ཐུབ་ཡོད་འདུག་པ་དང་། ལོན་ཌོན་མེ་གསོད་རུ་ཁག་གིས་ཁང་པ་དེར་མེ་སྐྱོན་བྱུང་དགོས་པའི་རྒྱུ་རྐྱེན་ད་སྔ་གསལ་བོ་ཤེས་ཐུབ་མེད་ཀྱང་། མེ་ཐོག་མ་ཐོག་བརྩེགས་གཉིས་པ་ནས་འབར་མགོ་བརྩམས་ཏེ་ཁང་བརྩེགས་ཐོག་མའི་བར་མེ་སྐྱོན་བྱུང་ཡོད་སྐོར་བཀོད་ཡོད།

ཐེངས་འདིའི་མེ་སྐྱོན་དེ་ཧང་ཅང་ཚབས་ཆེན་ཆགས་ཡོད་པ་དང་། ས་གནས་རྫོང་དཔོན་གཞོན་པ་སྐུ་ཞབས་ཌན་ཌལ་(Dan Daly)ལགས་ཀྱིས། “ང་ཚོས་ཐབས་ཤེས་ཡོད་དགུ་བཏོན་ཏེ་མེ་གསོད་ཐབས་བྱེད་བཞིན་ཡོད། མེ་སྐྱོན་ཁྲོད་དམིགས་བསལ་འཕྲུལ་ཆས་དང་། ཆེད་ལས་མེ་གསོད་རུ་ཁག དེ་བཞིན། སྨན་སྤྱོར་རོགས་སྐྱོར་བྱེད་མཁན་སོགས་བཏང་ཡོད།” ཅེས་བརྗོད་པ་དང་། ཐོག་ཁང་དེའི་མཐའ་སྐོར་ཡོངས་སུ་ཐད་འཕུར་གནམ་གྲུ་དང་ཆུ་མཛོད་རླངས་འཁོར་སོགས་ཀྱིས་མེ་གསོད་པ་དང་། ཁང་པའི་ནང་གི་མི་སྐྱོབ་ཐབས་བྱེད་བཞིན་ཡོད་འདུག

ཁང་པ་དེའི་བདག་པོ་སྐུ་ཞབས་རའེ་ཌོན་(Rydon)ལགས་ཀྱིས་བརྗོད་པ་ལྟར་ན། ཐོག་ཁང་ ༢༧ ཅན་གྱི་ཁང་པ་(Grenfell Tower)ཞེས་བ་དེ་ ༡༩༧༠ ལོར་གསར་དུ་བརྒྱབ་པ་དང་། ཉེ་ཆར་ཁང་བརྩེགས་དེར་ཨ་སྒོར་ས་ཡ་ ༡༠་༩ ཡི་འགྲོ་གྲོན་བཏང་སྟེ་བསྐྱར་གསོ་བྱས་ཏེ། ད་ཆར་ཁང་མིག་རེ་རེར་ཆ་སྙོམས་ཟླ་རེར་ཨ་སྒོར་ ༢༥༠༠ བཅས་ཏེ་ཁང་གླ་གཏོང་གི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༠༦/༡༤

Leave a Reply