དབྱིན་ཡུལ་ནང་འགད་གཏོར་གཏོང་མཁན་ཉེས་ཅན།

གཟའ་ཟླ་བའི་དགོང་མོར་དབྱིན་ཡུལ་མན་ཆི་སི་ཊིར་ཟློས་གར་ཁང་དུ་འགད་རྫས་དོན་རྐྱེན་བཟོ་མཁན་དེ་ཨཱ་བྷི་དྷི་ཟེར་བའི་གཞོན་སྐྱེས་ཤིག་ཡིན་པ་དང་ཁོ་རང་གིས་འགད་རྫས་དང་མཉམ་དུ་རང་སྲོག་བཅད་ཡོད་འདུག

དེ་རིང་སི་ཨིན་ཨིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དབྱིན་ཡུལ་གྱི་སྐོར་སྲུང་བས་ཟླ་འདིའི་ཚེས་ ༢༢ ཉིན་གྱི་དགོང་མོར་མན་ཆི་སི་ཊིར་གྲོང་ཁྱེར་གླུ་གར་ཁང་དུ་འབར་རྫས་གས་གཏོར་བྱེད་མཁན་དེ་རང་ལོ་ ༢༢ ཡིན་པའི་སཱལ་མན་ཨཱ་བྷི་དྷི་(Salman Abedi)ཟེར་བའི་གཞོན་སྐྱེས་ཤིག་ཡིན་པར་དོགས་གཞི་བྱེད་བཞིན་ཡོད་འདུག

རེས་གཟའ་ཟླ་བའི་ཕྱི་དྲོར་མན་ཆི་སི་ཊིར་གྱི་གླུ་གར་ཁང་དུ་འགད་རྫས་ཀྱི་དོན་རྐྱེན་བྱུང་བའི་ཁྲོད་ད་བར་མི་ ༢༢ འདས་གྲོངས་དང་མི་ ༥༩ ལ་རྨས་སྐྱོན་ཕོག་ཡོད་འདུག་ལ། རྨས་སྐྱོན་དང་འདས་གྲོངས་ཕྱིན་པ་མང་ཆེ་བ་གཞོན་སྐྱེས་ཡིན་འདུག དོགས་ཡོད་ཉེས་ཅན་ཨཱ་བྷི་དྷི་ཟེར་བ་ཁོ་ཡང་ཐེངས་འདིའི་འབར་རྫས་འགད་གཏོར་ཁྲོད་རང་སྲོག་ཤོར་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་ཀྱང་། ད་སྔ་འདས་གྲོངས་སུ་ཕྱིན་པའི་ཁྲོད་ཉེས་ཅན་གྱི་ཕུང་པོ་ངོས་ཟིན་གསལ་བོ་བྱུང་མེད་ཚུལ་མན་ཆི་སི་ཊིར་གྱི་སྐོར་སྲུང་བས་བརྗོད་འདུག

ཁ་སང་སྐོར་སྲུང་མགོ་བ་ཨེན་ཧོབ་ཀཱིན་(Ian Hopkins)གྱིས་གསར་འགོད་གསལ་བསྒྲགས་སྤེལ་བའི་ཐོག “དོན་རྐྱེན་དེ་ཁོ་གཅིག་པུས་བྱས་པའམ་ཡང་ན་དེའི་རྒྱབ་ཏུ་མི་གཞན་ཡོད་མེད་ལའང་ང་ཚོས་བརྟག་དཔྱད་ནན་པོ་བྱེད་མུས་ཡིན།” ཞེས་བརྗོད་འདུག གཟའ་ཟླ་བའི་ཉིན་གླུ་གར་ཁང་གི་ལྟོད་མོ་ཡོངས་ཕྱི་ལོགས་སུ་ཐོན་རྗེས། འབར་རྫས་འགད་གཏོར་བྱེད་ཡུལ་ལ་བརྟག་དཔྱད་ནན་ཏན་བྱས་ཏེ་འབར་རྫས་འགད་གཏོར་བྱེད་མཁན་མི་གཅིག་ཡིན་པ་ར་སྤྲོད་བྱུང་ཡོད་ཚུལ་བརྗོད་འདུག

དབྱིན་ཡུལ་སྲིད་བློན་ཊི་རི་སཱ་མཱེ་ཡིས་བརྗོད་པ་ལྟར་ན། དོགས་ཉེས་ཅན་སཱལ་མན་ཨཱ་བྷི་དྷི་ནི་ཁ་ཆེའི་རྒྱལ་ཁབ་ལཱི་བྷི་ཡའི་མི་རིགས་ཡིན་ཡང་། ཁོ་ནི་དབྱིན་ཡུལ་དུ་སྐྱེས་ཤིང་འཚར་ལོངས་བྱུང་ཡོད་འདུག ཨཱ་བྷི་དྷི་ལ་ཆུང་དུས་ནས་རྒྱུས་མངའ་ཡོད་པའི་གྲོགས་པོ་ཞིག་གིས། ཨཱ་བྷི་དྷི་ནི་ཆུང་དུས་ནས་ཁེར་རྐྱང་ཡིན་པ་དང་། ཁོ་དུས་རྒྱུན་མི་གཞན་དང་འབྲེལ་འདྲིས་བྱེད་པར་མི་དགའ་བར་རང་ཉིད་གཅིག་པུ་འདུག་རྒྱུ་འདེམ་པ་དང་། བར་ལམ་རྒྱུན་རིང་པོ་ཞིག་ལ་ཁོ་མཐོང་རྒྱུ་མེད་པ་ཆགས་ཤིང་། རྗེས་སུ་མཐོང་སྐབས་ཨཱ་བྷི་དྷི་ཡིས་ཁ་ཆེ་ཆོས་ལུགས་ཀྱི་སྲོལ་རྒྱུན་ལྟར་གྱོན་ཆས་རིང་པོ་གྱོན་ཡོད་པ་དང་ཨག་ཚོམ་ཡང་རིང་པོ་བསགས་ཡོད་སྐོར་སོགས་བརྗོད་འདུག

མན་ཆི་སི་ཊིར་གྲོང་ཁྱེར་དུ་ཡོད་པའི་ལཱི་བྷི་ཡའི་མི་སྣས་བརྗོད་པ་ལྟར་ན། ཨཱ་བྷི་དྷིའི་ཨ་ཕ་ ༢༠༡༡ ལོར་ལཱི་བྷི་ཡའི་ནང་གསར་བརྗེ་གྱེན་ལངས་བྱུང་སྐབས་དབྱིན་ཡུལ་ནས་ལཱི་བྷི་ཡར་ལོག་ཡོད་པ་དང་། སྐབས་དེར་ཁོའི་ཨ་མས་རང་གི་ཕྲུ་གུར་ལྟ་སྐྱོང་བྱེད་ཆེད་དབྱིན་ཡུལ་དུ་བསྡད་ཡོད་འདུག ཁོ་རང་གཉིས་ལ་ཕྲུ་གུ་བཞི་ཡོད་པ་ལས་ཨཱ་བྷི་དྷི་གཙོས་བུ་གསུམ་དང་བུ་མོ་གཅིག་བཅས་ཡོད་འདུག

ཨཱ་བྷི་དྷི་ཡིས་ ༢༠༡༥ ནས་ ༢༠༡༦ རིང་མན་ཆི་སི་ཊིར་གྲོང་ཁྱེར་གྱི་གཙུག་ལག་སློབ་ཁང་ཆེ་ཤོས་གསུམ་པ་སཱེལ་ཕོཊ་(Salford)ཞེས་པའི་ནང་དཔལ་འབྱོར་རིག་པ་དང་འཛིན་སྐྱོང་རིག་པར་སློབ་སྦྱོང་བྱས་ཡོད་པ་དང་། སྐབས་དེར་ཁོ་ལ་རྒྱུས་ཡོད་སློབ་ཕྲུག་ཚོས་ཨཱ་བྷི་དྷི་ལོ་རིམ་གཉིས་པར་བསླེབས་རྗེས་འཛིན་གྲྭར་ཡང་ཡང་ཆད་དང་འཛིན་གྲྭར་བསླེབས་ཀྱང་ཉོབ་སྣང་ངང་སྡོད་པ། སློབ་མ་མང་ཆེ་བ་གཙུག་ལག་སློབ་གྲྭའི་ནང་སྡོད་ཀྱི་ཡོད་ཀྱང་། ཁོ་རང་མན་ཆི་སི་ཊིར་གྲོང་ཁྱེར་ལྷོ་ཕྱོགས་ཀྱི་ཁྲུག་ཆ་ཆེ་བའི་ས་གནས་དེར་སྡོད་ཀྱི་ཡོད་སྐོར་སོགས་བརྗོད་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༥/༢༤

Leave a Reply