དབྱིན་ཡུལ་ནང་འགད་རྫས་དོན་རྐྱེན་བྱུང་།

མདང་ནུབ་དབྱིན་ཡུལ་གྲོང་ཁྱེར་མན་ཆ་སི་ཊིར་གླུ་གར་ཁང་དུ་འགད་རྫས་དོན་རྐྱེན་བྱུང་སྟེ་མི་ ༡༩ རྐྱེན་འདས་དང་མི་ ༥༠ རྨས་སྐྱོན་བྱུང་འདུག

དེ་རིང་བྷེ་བྷེ་སེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མདང་དགོང་དབྱིན་ཡུལ་ཆུ་ཚོད་ ༡༠།༣༥ ཙམ་ལ་དབྱིན་ཡུལ་གྲོང་ཁྱེར་མན་ཆ་སི་ཊིར་ (Manchester) གྱི་གླུ་གར་ཁང་གི་བར་ཁྱམས་སུ་འགད་རྫས་དོན་རྐྱེན་བྱུང་སྟེ་མི་ ༡༩ རྐྱེན་འདས་དང་མི་ ༥༠ ལ་རྨས་སྐྱོན་ཕོག་ཡོད་འདུག མན་ཆ་སི་ཊིར་གྲོང་ཁྱེར་ཉེན་རྟོག་པས་དོན་རྐྱེན་དེ་ནི་འཇིགས་སྐུལ་དྲག་སྤྱོད་པས་བཟོས་པ་ཡིན་སྐོར་བསྒྲགས་ཡོད་འདུག

དོན་རྐྱེན་དེ་བྱུང་རྗེས་དབྱིན་ཇིའི་སྲིད་བློན་ལྕམ་མཱེ་ (Theresa May) ལགས་ཀྱིས་འཆར་ཟླ་ ༦ ཚེས་ ༨ ཉིན་འཚོགས་འཆར་ཡོད་པའི་དབྱིན་ཡུལ་རྒྱལ་ཡོངས་འོས་བསྡུ་དེ་ཕྱིར་འཐེན་བྱས་ཏེ། དབྱིན་ཡུལ་བློན་ཆེན་ལྷན་ཚོགས་ནས་ཛ་དྲག་གིས་ཚོགས་ཆེན་བསྡུས་ཏེ་ཐེངས་འདིའི་འགད་རྫས་དོན་རྐྱེན་སྐོར་ལ་རྟོག་ཞིབ་བྱེད་དགོས་སྐོར་བརྗོད་འདུག

འགད་རྫས་དོན་རྐྱེན་དེ་བྱུང་རྗེས། གྲོང་ཁྱེར་དེའི་ས་འོག་མེ་འཁོར་ས་ཚིགས་ཁག་ཚང་མ་བཀག་སྡོམ་བྱས་ཏེ་འགྲིམ་འགྲུལ་ལས་རིགས་གནས་སྐབས་རིང་མཚམས་བཞག་ཡོད་འདུག མན་ཆ་སི་ཊིར་གླུ་གར་ཁང་དེ་ནི་གྲོང་ཁྱེར་དེའི་སྙན་གྲགས་ཆེ་བའི་གླུ་གར་ཁང་ཆེ་ཤོས་ཤིག་ཡིན་པ་དང་། གླུ་གར་ཁང་དེའི་ནང་ལྟད་མོ་བ་ ༡༨༠༠༠ ཤོང་གི་ཡོད་འདུག

འགད་རྫས་དོན་རྐྱེན་སྐབས། མན་ཆ་སི་ཊིར་གླུ་གར་ཁང་དུ་རང་ལོ་ ༢༣ ཡིན་པའི་ཨ་རིའི་གཞོན་སྐྱེས་གཞས་མ་དང་གློག་བརྙན་འཁྲབ་སྟོན་མ་གྲགས་ཅན་གྷ་རན་ཌི་ (Ariana Grande) ལགས་གཞས་སྣ་ཁག་ཅིག་འཁྲབ་སྟོན་བྱེད་ཀྱིན་ཡོད་པ་དང་། དགོང་ཚོགས་ཐོག་མི་མང་ ༢༡༠༠༠ ཙམ་འདུ་འཛོམས་བྱུང་ཡོད་པ་དང་། མི་མང་ཆེ་བ་གཞོན་སྐྱེས་ཡིན་པར་ཚོད་དཔག་བྱེད་ཀྱིན་འདུག

དེ་རིང་ཞོགས་པར་དབྱུན་ཇིའི་གྲོས་ཚོགས་ནས་ཐེངས་འདིའི་འགད་རྫས་དོན་རྐྱེན་ཁྲོད་འདས་གྲོངས་ཕྱིན་པ་ཚོར་ངག་བཅད་མྱ་ངན་གནང་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༢ ཉིན་དབྱིན་ཡུལ་གྱི་ (Westminster) གྲོང་ཁྱེར་ནང་མིང་ལ་མཱ་སོ་ཌ་ (Khalid Masood) ཟེར་བའི་འཇིག་སྐུལ་བ་ཞིག་གིས་མི་ཚོགས་ནང་གང་བྱུར་རླངས་འཁོར་བསྐོར་ཏེ་མི་ ༥ བསད་པ་དང་མི་ ༥༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༥/༢༣

Leave a Reply

2 thoughts on “དབྱིན་ཡུལ་ནང་འགད་རྫས་དོན་རྐྱེན་བྱུང་།

  1. དེ་རིང་ཕྱི་དྲོ་གནས་ཚུལ་ཐོན་པ་ལྟར་ན་ད་བར་མི་༢༢་འདས་རྐྱེན་བྱུང་ཡོད་འདུག ད་རེས་ཨིན་ཡུལ་གྱི་དོན་རྐྱེན་དེ་ནི་ཨིན་ཡུལ་ཡོ་རོབ་མཐུན་ཚོགས་ལས་ཕྱིར་འཐོན་པ་དང་མ་འོངས་པར་གང་མགྱོགས་འོས་བསྡུ་བྱེད་འཆར་ཡོད་པ་སོགས་ལ་འབྲེལ་བ་ཡོད་སྐོར་གླེང་སློང་བྱེད་ཀྱི་ཡོད་འདུག

  2. དབྱིན་ཡུལ་གླུ་གཞས་དགོང་ཚོགས་སུ་འབར་གས་དྲག་རྒོལ། ཐད་སྤེལ།-Live

    ད་ལྟ་རྒྱལ་སྤྱིའི་གསར་ཁང་ཕལ་མོ་ཆེས་ཐད་སྟོན་བྱེད་བཞིན་པ་ནི་དབྱིན་ཡུལ་གྱི་གྲོང་ཁྱེར་མན་ཆེ་སི་ཊར་(Manchester)དུ། ཨ་རིའི་གཞས་མ་གྲགས་ཅན་ཨེ་རེ་ན་(Arena Grande)ཡི་གླུ་གཞས་དགོང་ཚོགས་སུ་འབར་གས་དྲག་རྒོལ་ཕོག་ཡོད་པའི་གནས་ཚུལ་ཐོན་འདུག
    *གནས་ཚུལ་རྒྱས་པ་གང་མགྱོགས་ཡོད།

    བོད་ཀྱི་དེ་ཕོ་གསར་ཁང་།