དམངས་གཙོའི་ལས་འགུལ་བ་ ༩ འཛིན་བཟུང་ཁྲིམས་བཤེར་བྱ་འཆར།

ཁ་སང་བྷི་བྷི་སི་གསར་ཁང་གིས་སྤེལ་བའི་གནས་ཚུལ། ཧོང་ཀོང་གི་ཉེན་རྟོག་པས། ཧོང་ཀོང་ནང་དམངས་གཙོའི་ལས་འགུལ་བ་དགུས་ ༢༠༡༤ ལོར་ངོ་རྒོལ་ཁྲོམ་སྐོར་སྐུལ་སློང་བྱས་པའི་ནག་ཉེས་འོག་འཛིན་བཟུང་བྱས་ཏེ་ཁྲིམས་བཤེར་བྱ་འཆར་ཡོད་སྐོར་བརྗོད་འདུག དེ་ནི་ཧོང་ཀོང་གྲོང་ཁྱེར་སྤྱི་ཁྱབ་གསར་བ་ལྕམ་ཁཱ་རེ་ལཱམ་ (Carrie Lam)ལགས་ཀྱིས་སྲིད་དོན་ཚོགས་ཁག་གི་འགལ་བ་འདུམ་འགྲིག་བྱ་རྒྱུ་ཁག་ཐག་བྱས་པའི་རྗེས་སུ་བྱུང་བ་ཞིག་ཡིན།

ཧོང་ཀོང་ཉེན་རྟོག་པས་འཛིན་བཟུང་བྱ་འཆར་ཡོད་པའི་མི་ ༩ གྲས་སུ་དེ་སྔའི་ཉི་གདུགས་གསར་བརྗེ་ལས་འགུལ་སློང་མཁན་སློབ་ཕྲུག་ ༣ ཡོད་འདུག དེ་ནི་སྐབས་དེར་དམངས་གཙོའི་ལས་འགུལ་དེས་སྤྱི་ཚོགས་ལ་བརྡབ་གསིག་བཏང་བའི་ཉེས་དོན་འོག ཐེངས་འདིར་ཁོ་ཚོ་འཛིན་བཟུང་ཁྲིམས་བཤེར་བྱ་འཆར་ཡོད་འདུག

གཟའ་ཉི་མའི་ཉིན་གསར་དུ་བདམས་ཐོན་བྱུང་བའི་ཧོང་ཀོང་སྤྱི་ཁྱབ་གསར་བ་ལྕམ་ཁཱ་རེ་ལཱམ་ལགས་ཀྱིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བརྩི་འཇོག་བྱེད་དགོས་ཞེས་བརྗོད། ཁོང་མོས་བརྗོད་དོན། “ གསལ་བོར་ཞུ་རྒྱུ་ཞིག་ལ་ངས་སྤྱི་ཚོགས་ཆིག་སྒྲིལ་བཟོ་འདོད་ཡོད། སྲིད་དོན་ཚོགས་པ་ཁག་དབྱེ་འབྱེད་བྱེད་པ་དེས་ང་ཚོར་སེམས་ཁྲལ་བཟོ་བཞིན་འདུག ཧོང་ཀོང་གྲོང་ཁྱེར་ཁྲིམས་ཀྱི་དབང་སྒྱུར་འོག་ངོ་རྒོལ་ལས་འགུལ་སྐུལ་སློང་བྱས་མི་ཆོག” ཅེས་དང་། “ཁ་མཆུ་ཡོད་ཚད་ཁྲིམས་ཞིབ་ཁང་གིས་འགན་འཁུར་ཞུ་དགོས་”ཞེས་བརྗོད་འདུག

ཧོང་ཀོང་ཁྲིམས་ཞིབ་ཁང་གིས་བཀྲམས་པའི་གསལ་བསྒྲགས་ནང་། ཁྲིམས་ཞིབ་ཁང་གིས་ཡང་དག་པའི་ཁྲིམས་ལུགས་དགོངས་དོན་ལྟར། ཆབ་སྲིད་དང་འབྲེལ་བའི་རྩོད་རྙོག་རིགས་ཐག་གཅོད་བྱ་རྒྱུ་ཡིན་ཞེས་དང་། ལྕམ་ཁཱ་རེ་ལཱམ་གྱིས་དམངས་གཙོའི་ངོ་རྒོལ་ལས་འགུལ་བཀག་སྡོམ་བྱས་པ་རེད་ཟེར་བ་དེ་བདེན་པ་མ་རེད་ཅེས་སོགས་བཀོད་ཡོད་འདུག

བཙན་བཀའ།

ལྕམ་ཁཱ་རེ་ལཱམ་ད་ལྟ་རང་ལོ་ ༥༩ ཡིན་པ་དང་ཁོ་མོ་པེ་ཅིན་གཞུང་གིས་ཧོང་ཀོང་གྲོང་ཁྱེར་སྤྱི་ཁྱབ་པར་བསྐོ་བཞག་བྱས་པ་རེད། དེ་ནི་ཚོགས་མི་ ༡༢༠༠ ལས་གྲུབ་པའི་འོས་བསྡུའི་ལྷན་ཚོགས་ཀྱིས་ཁོ་མོ་སྐུ་ཞབས་ལིང་ཁྲིན་ཡེན་ (Leung Chun-ying) གྱི་ཚབ་ཏུ་འདེམས་བསྐོ་བྱས་ཡོད་པ་དང་། འོས་བསྡུའི་ལྷན་ཚོགས་དེའི་ཚོགས་མི་མང་ཆེ་བ་པེ་ཅིན་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་རེད།

འདས་པའི་ལོ་ངོ་འདི་དག་རིང་དམངས་གཙོ་དོན་གཉེར་བ་ཚོས་ཧོང་ཀོང་མི་མང་ལ་སོ་སོའི་མགོ་ཁྲིད་འོས་འདེམས་བྱེད་པའི་ཐོབ་ཐང་དགོས་པའི་ལས་འགུལ་སྤེལ་ཡོད། ༢༠༡༤ ལོར་པེ་ཅིན་གཞུང་གིས་ཧོང་ཀོང་མི་མང་གིས་སོ་སོའི་མགོ་ཁྲིད་ཐད་ཀར་འོས་འདེམས་བྱས་ཆོག་ཀྱང་། འོས་མི་ནི་ཀྲུང་གོའི་དབུས་གཞུང་གིས་བཏོན་པ་ཁོ་ན་འདེམས་དགོས་ལུགས་བཤད་ཡོད།

གནས་སྟངས་དེའི་འོག་སྐབས་དེར་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མཁན་གྲོས་ཚོགས་འཐུས་མིས་ཐད་ཀར་འོས་བསྡུ་བྱས་སྐབས། གཞི་རྒྱ་ཆེ་བའི་ངོ་རྒོལ་ཁྲོམ་སྐོར་བྱུང་སྟེ་བདུན་ཕྲན་ཁ་ཤས་རིང་ཧོང་ཀོང་གྲོང་ཁྱེར་ལྟེ་བ་ཁག་ཏུ་འོས་བསྡུ་ལས་མཚམས་འཇོག་དགོས་བྱུང་ཡོད།

ཧོང་ཀོང་གྲོང་ཁྱེར་ཉེན་རྟོག་པས་བརྗོད་པ་ལྟར་ན། བྷིན་ནེ་ཐའེ་ (Benny Tai)དང་ཁྲི་ཡེ་མིན་ (Chu Yiu-ming)། ཁྲན་ཁེན་མན་ (Chan Kin-man) གསུམ་ནི་ངོ་རྒོལ་ཁྲོམ་སྐོར་ཇུས་འགོད་བྱེད་མཁན་ཡིན་པ་དང་། ཁོ་ཚོའི་སྐུལ་སློང་འོག་མི་མང་འདུ་འཛོམས་བྱུང་ཡོད་སྟབས། ཁོ་ཚོ་འཛིན་བཟུང་གིས་ཁྲིམས་བཤེར་བྱ་འཆར་ཡོད་པ་དང་། མི་གཞན་དྲུག་དེའི་ཁྲོད་ཧོང་ཀོང་སློབ་ཕྲུག་ཚོགས་པའི་ཚོགས་མི་དང་། གྲོས་ཚོགས་འཐུས་མི་ཁ་ཅིག་བཅས་ཡོད་འདུག

ཧོང་ཀོང་ནང་གི་བྷི་བྷི་སི་གསར་འགོད་པ་རྗོ་ལེ་ཡ་ན་ལཱི་ (Juliana Liu) ལགས་ཀྱིས་ཧོང་གི་སྲིད་ཇུས་དམ་དུ་འགྲོ་བཞིན་ཡོད་པ་གླེང་ཡོད།

ཧོང་ཀོང་གི་དཔོན་རིགས་ཚོས་ཅིའི་ཕྱིར་ངོ་རྒོལ་སློང་མཁན་དེ་དག་ད་བར་འཛིན་བཟུང་ཁྲིམས་བཤེར་མ་བྱས་པའི་རྒྱུ་མཚན་གསལ་བཤད་བྱས་མེད། ༢༠༡༤ ལོར་ངོ་རྒོལ་ཁྲོམ་སྐོར་བྱུང་ནས་ད་བར་ལོ་ ༢ ལྷག་ཕྱིན་པའི་ད་ལྟ་གཞི་ནས་སྐབས་དེའི་ལས་འགུལ་སྣེ་འཁྲིད་པ་ཚོ་འཛིན་བཟུང་བྱ་རྒྱུ་ཡིན་ལུགས་བཤད་འདུག་སྟབས། ཧོང་ཀོང་ནང་ཟིང་ཆ་ཇེ་ཆེར་འགྲོ་ངེས་རེད། གནས་ཚུལ་དེ་གསར་དུ་བདམས་མ་ཐག་པའི་ལྕམ་ཁཱ་རེ་ལཱམ་གྱི་སྲིད་དབང་འོག་བྱུང་ཡོད་སྟབས། དམངས་གཙོའི་ལས་འགུལ་བ་ཚོས་ཞེད་སྣང་བྱེད་ས་དེ་ལྕམ་ཁཱ་རེ་ལཱམ་གྱི་འཛིན་སྐྱོང་སྲིད་བྱུས་ཇེ་མཁྲེགས་སུ་འགྲོ་སྲིད་པའི་མངོན་རྟགས་མཐོང་གི་ཡོད་པ་དེ་རེད། ཡིན་ནའང་ཧོང་ཀོང་ཁྲིམས་ཞིབ་ཁང་གིས་སྲིད་གཞུང་དང་མ་འབྲེལ་བར་རང་དབང་གི་ཐོག་ནས་ཁ་མཆུ་ཐག་གཅོད་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད།

༢༠༡༤ ལོར་ངོ་རྒོལ་ཁྲོམ་སྐོར་བྱུང་རྗེས་ལས་འགུལ་བ་འགའ་ཞིག་འཛིན་བཟུང་བྱས་ཡོད། ཁྲིམས་ཞིབ་ཁང་གིས་ “ཉེས་དོན་གཞན་དག་དང་འདྲ་བར། གནད་དོན་དེ་མྱུར་དུ་ཐག་གཅོད་བྱ་རྒྱུར་འབད་བརྩོན་བྱེད་རྒྱུ་ཡིན།”ཞེས་བཤད་པ་ཙམ་ལས་རྩོད་རྙོག་དེ་ཅིའི་ཕྱིར་ད་བར་འགྱངས་པའི་རྒྱུ་མཚན་གསལ་བཤད་བྱས་མེད།

དམངས་གཙོའི་ལས་འགུལ་བ་དེ་དག་སྤྱི་བདེ་ལས་ཁུངས་བརྒྱུད་འཛིན་བཟུང་གིས་ཁྲིམས་བཤེར་བྱ་རྒྱུ་ཡིན་པ་དང་། དམངས་གཙོའི་ལས་འགུལ་བ་ཁྲན་ཁེན་མན་གྱིས་ཧོང་ཀོང་གི་དཔོན་རིགས་ཚོས་ཁོ་ཚོར་བཙན་བཀའ་བཏང་ཡོད་སྐོར་བརྗོད་འདུག

ཁྲན་ཁེན་མན་གྱིས་རོའུ་ཊར་གསར་ཁང་ལ། “ཁཱ་རེ་ལཱམ་གྱིས་སྤྱི་ཚོགས་བཅོས་བསྒྱུར་གཏོང་འདོད་ཡོད་འདུག ཡིན་ནའང་དེ་རིང་ང་ཚོར་འབྱོར་བའི་བརྡ་འཕྲིན་དེ་ཁྲིམས་གཏུགས་སྐོར་རེད། ཁཱ་རེ་ལཱམ་གྱིས་ཁ་བྲལ་དུ་སོང་བའི་སྤྱི་ཚོགས་འདི་ཇི་ལྟར་བཅོས་བསྒྱུར་གཏོང་འདོད་ཡོད་པ་ངས་མི་ཤེས” ཅེས་བརྗོད་འདུག

འཆར་ཟླ་ ༧ ཚེས་ ༡ ཉིན་དབྱིན་ཇིའི་གཞུང་གིས་ཧོང་ཀོང་གྲོང་ཁྱེར་རྒྱ་ནག་ལ་རྩིས་སྤྲད་དེ་ལོ་ ༢༠ འཁོར་བའི་དུས་ཆེན་ཡིན་སྟབས། ཉིན་མོ་དེར་ལྕམ་ཁཱ་རེ་ལཱམ་གྱིས་ཧོང་ཀོང་གྲོང་ཁྱེར་སྤྱི་ཁྱབ་ཀྱི་ལས་འཁུར་བཞེས་རྒྱུ་ཡིན་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དབྱིན་ཇིའི་འོག་ཧོང་ཀོང་ཕྱིར་བླངས་པའི་ལོ་འཁོར་དུས་ཆེན་དང་བསྟུན་ཏེ་ཧོང་ཀོང་ནང་གཟིགས་སྐོར་བྱ་རྒྱུ་ཡིན་སྟབས། ཧོང་ཀོང་ནང་ངོ་རྒོལ་ལས་འགུལ་ཆེན་པོ་ཞིག་འབྱུང་ངེས་རེད།

གསར་འགོད་པ། པདྨ་རྒྱལ་གྱིས་སྒྱུར་སྒྲིག་བྱས།

བསྐྱར་བཅོས།: ༢༠༡༧/༠༣/༢༨

Leave a Reply