དུས་དབང་གི་སྟ་གོན་གཞན་དག

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༧༢༠ སྟེང་གི་རྩོམ་སྒྲིག་པའི་གཏམ།

དགུན་མགོའི་གནམ་གཤིས་ཇེ་འཁྱག་ཏུ་ཕྱིན་ཞིང་། རྡོར་གདན་དུས་འཁོར་དབང་ཆེན་ཇེ་ཉེ་རུ་སོང་བ་དང་བསྟུན་ཏེ། དྷ་རམ་ས་ལར་མི་ཇེ་ཉུང་ནས་ཇེ་ཉུང་དང་། འུར་མགོ་ཡང་ཇེ་ཆུང་ནས་ཇེ་དམའ་རུ་འགྲོ་བཞིན་འདུག་ལ། ཟ་ཁང་ཚོང་ཁང་གི་སྦྱིན་བདག་ཚོའང་ཉི་མར་སྡེ་མགོ་བརྩམས་སོང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག དེ་བཞིན། དགོན་སྡེ་དང་སློབ་གྲྭ་སོགས་འ་འུར་ལང་ལོང་གིས་རྡོ་རྗེ་གདན་དུ་ཆས་ཏེ། ཤུལ་དུ་ཁང་སྲུང་རེ་ལྷག་མིན་ལའང་སེམས་ཁྲལ་བྱེད་དགོས་པ་ཞིག་ཆགས་ཡོད་འདུག

ད་ལོའི་བཀའ་ཤག་གིས་སྦྱིན་བདག་གནང་བའི་དུས་དབང་སོ་བཞི་བ་འདི་ཧ་ཅང་དཀའ་ཚེགས་ཅན་ཞིག་ཆགས་སོང་། ཐོག་མ་ལོ་སྔོན་མར་བསྐུར་རྒྱུ་གསལ་བསྒྲགས་བྱས་ཀྱང་རྗེས་ལ་ཕྱིར་འཐེན་བྱེད་དགོས་བྱུང་ཡོད་པ་དང་། ད་ལོ་སླར་ཡང་གསལ་བསྒྲགས་སྤེལ་ཏེ་གྲ་སྒྲིག་བྱེད་སྐབས། རྒྱ་ནག་གཞུང་གིས་ལག་འཁྱེར་བཙིར་བ་དང་རྒྱ་གར་གཞུང་གིས་དངུལ་སྒོར་བཙིར་ཏེ་ཆོས་ཞུ་བ་ཡོངས་དང་། ལྷག་པར་དུ་བོད་ནས་ཕེབས་པའི་ཆོས་ཞུ་བ་ཚོར་དཀའ་ངལ་ཆེན་པོ་འཕྲད་སོང་། འོན་ཀྱང་༧གོང་ས་མཆོག་གི་ཐུགས་སྐྱེད་སྨོན་ལམ་དང་སྐལ་ལྡན་སློབ་མའི་དད་དམ་མཐུ་སྟོབས་ཀྱིས་ད་ལྟ་ལས་རིམ་ཁག་གྲུབ་དང་འགྲུབ་བཞིན་ཡོད།

དུས་འཁོར་དབང་ཆེན་འདི་ཆོས་དད་ཅན་ཚོར་ཆོས་ཀྱི་བྱིན་རླབས་ཞུ་བའི་སྐལ་བཟང་ཞིག་ཡིན་པ་མ་ཟད། ཚོང་བ་ཚོར་དཔལ་འབྱོར་འཚོལ་བསྒྲུབ་ཀྱི་གོ་སྐབས་ཡག་ཤོས་ཤིག་དང་། སྤྱི་ཚོགས་ཞབས་ཞུ་བ་ཚོར་ལས་འགུལ་སྤེལ་བའི་མཐུན་རྐྱེན་འཛོམས་ཤོས་ཤིག་ཀྱང་ཆགས་ཡོད་ལ། སྐབས་འཚོལ་རིང་ལུགས་པ་རེ་ཟུང་ལ་སྒེར་དོན་བསྒྲུབ་པའི་དུས་ཚོད་ཡག་ཤོས་དེའང་ཆགས་ཡོད་སྟབས། ཉིན་འདི་འགར་གཞུང་གི་ལས་ཁུངས་ནས་སྒེར་གྱི་ཁྱིམ་ཚང་། སྐད་འཕྲིན་ཚོགས་ཁང་ནས་ངོ་དེབ་དཔེ་ཁང་ཡོངས་རྫོགས་རྡོ་རྗེ་གདན་ལ་གནས་སྤོ་བཞིན་འདུག
༧གོང་ས་མཆོག་དགུང་གྲངས་བཅུ་དགུའི་སྟེང་ལྷ་སར། ལྷ་ཀླུ་དགའ་ཚལ་བའི་ལྕམ་གཡང་འཛོམས་ཚེ་རིང་ལགས་ཀྱིས་སྦྱན་བདག་གནང་སྟེ། ༡༩༥༤ ལོར་ནོར་བུ་གླིང་ཁར་དུས་འཁོར་དབང་ཆེན་ཐེངས་དང་པོ་གསུངས་པ་ནས་བཟུང་ད་བར། ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་སུ་དུས་འཁོར་དབང་ཆེན་ཐེངས་ ༣༣ ཙམ་གནང་ཡོད་པ་དང་། ད་རེས་བོད་མིའི་སྒྲིག་འཛུགས་ཀྱིས་ཞུས་པའི་དུས་དབང་འདི་ཐེངས་སོ་བཞི་པ་དེ་ཆགས་ཡོད་ལ། སྔ་ཕྱི་བསྡོམས་པའི་རོབ་རྩིས་བྱས་ན་ཆོས་ཞུ་བ་ས་ཡ་གཉིས་མ་ཟིན་ཙམ་ལ་ཕྱི་ནང་དུས་ཀྱི་འཁོར་ལོའི་བྱིན་རླབས་ཞུགས་ཡོད།

ལྷ་སྙན་དཀར་རྩུབ་ཀྱི་འདྲེ་སྣ་ནག་ཅེས་པའི་དཔེ་ལྟར། དུས་འཁོར་དབང་ཆེན་ཐེངས་དུ་མར་རྗེས་ལ་ལབ་གླེང་ཞིག་ནར་ཡོང་བ་ནི། སྤྱི་ཚོགས་ཞབས་ཞུ་སྒྲུབ་མཁན་ཚོ་དང་ཞལ་འདེབས་བསྡུ་སློང་བྱེད་མཁན་ཚོ་ཆགས་ཡོད། ད་ལོར་ཡང་སྤྱི་ཚོགས་ཞབས་ཞུ་བསྒྲུབ་རྒྱུ་ཡིན་ཟེར་མཁན་མང་པོ་ཞིག་འཐོན་ཡོང་གི་འདུག་ལ། ཞལ་འདེབས་བསྡུ་སློང་བྱེད་མཁན་ཡང་མང་དག་ཅིག་གིས་གྲ་སྒྲིག་བྱེད་ཀྱིན་ཡོད་པ་གདོད་མི་ཟ་བས། ལྷག་བསམ་རྣམ་དག་གི་སྤྱི་ཚོགས་ཞབས་ཞུ་ཞིག་བསྒྲུབ་རྒྱུ་དང་། ཁ་ཚ་དགོས་གཏུགས་ཀྱི་དཀའ་ངལ་ལ་མ་གཏོགས་ཞལ་འདེབས་བསྡུ་སློང་མི་བྱེད་རྒྱུ་བོད་མིའི་ཆོས་སྲིད་གཉིས་ཀྱི་སྲི་ཞུ་དེ་ཡིན་ནོ།།

 

 

བསྐྱར་བཅོས།: ༢༠༡༦/༡༢/༢༢

Leave a Reply