དུས་འཁོར་དབང་ཆེན་ཐེངས་ ༣༤ པ་ཡོངས་སུ་མཇུག་རྫོགས།

གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་རྗེས་གསུང་ཆོས་ར་བར་དུས་དབང་མཇུག་རྫོགས་པའི་མཛད་སྒོ་ཞིག་ཚོགས་པའི་སྟེང་༧གོང་ས་མཆོག་གིས་བྷི་ཧཱར་མངའ་སྡེའི་བློན་ཆེན་གྱིས་ནང་པའི་གནས་ཆེན་ཁག་ཉམས་གསོའི་ལས་འཆར་མང་པོ་སྒྲིག་ཡོད་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ཏེ་ལྷ་ཁང་མཆོད་རྟེན་ལས་ཀྱང་ནང་པའི་ཆོས་ལ་སློབ་གཉེར་བྱེད་ས་གལ་ཆེན་ཡིན་སྐོར་བཀའ་གནང་།

TibetTimes

དེ་རིང་ཉིན་གུང་ཆུ་ཚོད་ ༡༡།༣༠ ཙམ་གྱི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གོ་སྒྲིག་ཚོགས་ཆུང་གིས་དུས་དབང་མཇུག་རྫོགས་པའི་མཛད་སྒོ་ཞིག་ཚོགས་སོང་བ་དང་། མཛད་སྒོའི་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་མཁན་བླ་སྤྲུལ་རྣམ་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ།  དེ་བཞིན་དམིགས་བསལ་སྐུ་མགྲོན་བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནེ་ཊི་ཞི་ཀུ་མར་(Nitish Kumar)མཆོག་གི་གཙོས་མངའ་སྡེའི་གནད་ཡོད་མི་སྣ་ཁག་ཅིག་བཅས་ཕེབས་འདུག

དེ་ནས་ཡུན་རིང་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རས་ཆར་གྷིར་(Rechard Greer )ལགས་ཀྱིས། གནས་མཆོག་རྡོ་རྗེ་གདན་དུ་བཅར་ཏེ་༧གོང་ས་མཆོག་གི་མདུན་ནས་དུས་འཁོར་དབང་ཆེན་ཞུ་རྒྱུ་བྱུང་བ་ནི་སྐལ་བ་བཟང་པོ་བྱུང་བ་དང་། གནས་མཆོག་རྡོ་རྗེ་གདན་དུ་འཛོམས་རྒྱུ་དེ་ལས་སླ་བོ་མིན་ལ། ལྷག་པར་དུ་རྒྱ་ནག་གཞུང་གི་བཙན་གནོན་འོག་བོད་ནང་གི་བོད་མི་ཚོ་འདིར་འཛོམས་ཐུབ་རྒྱུ་ཧ་ཅང་ཁག་པོ་ཡིན་པ་དང་། ད་ལན་བོད་ནས་ཡོང་བའི་གནས་སྐོར་བ་རྣམས་ལ་རྒྱ་གཞུང་གིས་འཇིགས་སྐུལ་སྣ་ཚོགས་བྱས་ཏེ་འཕྲལ་དུ་ཕྱིར་ལོག་དགོས་བྱུང་བའི་སྐོར་བརྗོད་སོང་།

_DSC0335སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། བོད་མིའི་སྒྲིག་འཛུགས་ནས་གསོལ་བ་བཏབ་པ་གཞིར་བཟུང་༧གོང་ས་མཆོག་གིས་དུས་འཁོར་དབང་ཆེན་ཐེངས་ ༣༤ པ་གོ་སྒྲིག་ཞུས་བའི་བཀའ་བཞེས་བཟང་པོ་གནང་སྟེ། བདུན་ཕྲག་གཉིས་རིང་སྔོན་འགྲོའི་གསུང་ཆོས་དང་དབང་ཐོབ་པ་དེ་དམིགས་བསལ་ནང་པ་སངས་རྒྱས་པའི་ཆོས་ལ་དད་པ་བྱེད་མཁན་ཞིག་ཡིན་ན། གནས་མཆོག་རྡོ་རྗེ་གདན་ལས་རྩ་ཆེ་བ་ཞིག་མེད་པས་འདིར་དུས་དབང་ཐོབ་པ་དེ་ཧ་ལས་པའི་བསོད་ནམས་ཆེན་པོ་ཡིན་པ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད་པ་དང་། དུས་འཁོར་དབང་ཆེན་ཐོབ་པ་གཞིར་བཟུང་ང་རང་ཚོའི་ཐོག་ནས་འགན་གཙོ་བོ་དེ་བླ་མ་དང་སློབ་མའི་བར་གྱི་དམ་ཚིག་གཙང་མ་དགོས་པ་དང་། ཚང་མས་ཐུགས་སྨོན་ཞུས་ཏེ་ང་ཚོ་སྤྱི་པའི་བསོད་ནམས་དར་སྤེལ་གཏོང་རྒྱུ་དེ་ཡིན་ལ། སྤྱི་པའི་བསོད་ནམས་ག་ཚོད་ཀྱིས་དར་སྤེལ་གཏོང་ཐུབ་པ་ཡིན་ན་བོད་སྤྱི་པའི་རྩ་དོན་ལ་ཕན་པ་དང་། ༧གོང་ས་མཆོག་སྐུ་རིང་པོར་བཞུགས་པ་དང་སྐུ་གཟུགས་གསལ་ཐང་ཡོང་སྟབས། དུས་དབང་གི་རྗེས་སུ་༧གོང་ས་མཆོག་ནས་བཀའ་གནང་བ་རྣམས་ཡིད་ལ་བཅངས་ཏེ་ཚང་མས་ཐུགས་སྨོན་གནང་དགོས་སྐོར་དང་། ད་ལན་གྱི་དུས་འཁོར་དབང་ཆེན་ཡག་ཐག་ཆོད་དང་ཚགས་ཚུད་ཐག་ཆོད་བྱུང་ཡོད་ཀྱང་། གལ་སྲིད་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མ་སྙོབ་ས་དེ་འདྲ་ཡོད་ན་དགོངས་སེལ་ཞུ་རྒྱུ་ཡིན་ལུགས་གསུངས་བ་དང་འབྲེལ། བཀའ་ཤག་སྐབས་ ༡༤ དང་ ༡༥ པས་གལ་ཆེ་དོན་ཆེན་དུ་རྩི་བཞིན་ཡོད་པ་ལྟར། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་འབྱོར་བ་ཅན་ཚོས་སོ་སོའི་བུ་ཕྲུག་དང་ཉམ་ཐག་སྐྱོ་བོའི་རིགས་ལ་རོགས་རམ་བྱས་ཏེ་སྤྱོད་ཡོན་གཉིས་ལྡན་གྱི་གཞོན་སྐྱེས་སྐྱེད་སྲིང་བྱེད་པར་སྔར་ལྷག་ནུས་པ་འདོན་དགོས་པ་དང་། དེ་བཞིན་བོད་མིའི་སྲོག་རྩར་གྱུར་བའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་ལ་དོ་འཁུར་ཤུགས་ཆེན་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཡིན་སྐོར། སྲིད་སྐྱོང་མཆོག་སྐུ་སྒེར་གྱི་ངོས་ནས་བཤད་ན། ཕྱི་ལོ་ ༢༠༡༢ ལོར་རྡོར་གདན་དུ་དུས་འཁོར་དབང་ཆེན་ཞུ་ཐེངས་ ༨ པའི་སྐབས་ཐུགས་རེ་གནང་བ་ལྟར། ད་ལན་བཀའ་ཤག་གི་གོ་སྒྲིག་འོག་རྡོར་གདན་དུ་དུས་འཁོར་དབང་ཆེན་ཞུ་ཐེངས་ ༩ པ་དེ་བྱུང་བ་བསོད་ནམས་ཆེན་པོ་ཡིན་ལ། དུས་འཁོར་དབང་ཆེན་ཞུ་ཐེངས་བཅུ་པ་དེ་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཡོང་བ་ཤོག་ཅེས་ཐུགས་སྨོན་གནང་གི་ཡོད་སྐོར་སོགས་གསུངས་སོང་།

_DSC0406བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས། ༧གོང་ས་མཆོག་ནས་འཛམ་གླིང་སྤྱི་ཡོངས་སུ་བྱམས་སྙིང་རྗེ་དང་ཞི་བདེ་དར་ཁྱབ་ཆེད་མཛད་རྗེས་བླ་ན་མེད་པ་བཞག་ཡོད་ལ། ད་ལྟའང་མུ་མཐུད་ཐུགས་འགན་ཆེན་པོ་བཞེས་ཏེ་སྐུ་ལས་བསྐྱོན་བཞིན་པར་བཀའ་དྲིན་ཆེ་ཞུས་པ་དང་བསྟུན། ༧གོང་ས་མཆོག་ནས་དུས་འཁོར་དབང་ཆེན་ཐེངས་ ༡༩ རྒྱ་གར་ནང་གནང་ཡོད་པའི་ཁྲོད་ནས་གནས་མཆོག་རྡོ་རྗེ་གདན་དུ་ཐེངས་ ༥ གནང་ཡོད་པ་དང་། ཕྱི་ལོ་ ༢༠༡༢ ལོའི་རྡོར་གདན་དུས་འཁོར་དབང་ཆེན་གྱི་མཇུག་བསྡོམས་མཛད་སྒོའི་ཐོག་ཏུའང་ཁོང་བཅར་བའི་གོ་སྐབས་བྱུང་སྐོར་གསུངས་པ་དང་འབྲེལ། མངའ་སྡེའི་ལྟེ་གནས་གྲོང་ཁྱེར་པཊི་ནཱ་ནང་ཡོད་པའི་སྟོན་པ་རྗེས་དྲན་ཁང་དུ་འགྲེམས་སྟོན་ཁང་དང་སྒོམ་རྒྱག་ས། གཞན་ཡང་། སྟོན་པའི་རང་བསེལ་ངོ་མ་ཡོད་པའི་མཆོད་རྟེན། སྟོན་པའི་བཀའ་སློབ་རྣམས་ལ་ལྟ་ཀློག་བྱེད་སའི་དཔེ་མཛོད་ཁང་ཆེད་འཛུགས་སོགས་ནང་པའི་བསྟན་པ་ཉམས་པ་སོར་ཆུད་ཀྱི་མཛད་འཆར་མང་པོ་ཞིག་ཡོད་སྐོར་དང་། ཕྱི་ལོ་ ༢༠༡༦ ཟླ་ ༤ པ་ནས་མགོ་བཟུང་སྟེ་བྷི་ཧར་ནང་ཆང་རག་བཀག་འགོག་བྱེད་མགོ་བརྩམས་ཡོད་པ་དང་། རིམ་གྱིས་སྨྱོ་རྫས་རིགས་ཚང་མ་བཀག་སྡོམ་བྱེད་པའི་འཆར་གཞི་ཡོད་ལ། ལས་གཞི་དེར་༧གོང་ས་མཆོག་ནས་བསྔགས་བརྗོད་གནང་བ་དེས་ཁོང་ཚོར་སེམས་ཤུགས་སྐྱེད་དུ་བཅུག་ཡོད་སྐོར་དང་། ད་ལན་རྡོ་རྗེ་གདན་དུ་དུས་དབང་གོ་སྒྲིག་གནང་སྟེ་བྷི་ཧར་གཞུང་མང་གཉིས་ནས་ཞབས་ཞུ་ཞུ་བའི་གོ་སྐབས་བྱུང་བ་དང་། གོ་སྒྲིག་ཚོགས་ཆུང་ནས་དུས་དབང་གོ་སྒྲིག་ཚགས་ཚུད་ལེགས་འགྲུབ་བྱུང་བར་བཀའ་དྲིན་ཆེ་ཞུ་བ་དང་སྦྲགས། མ་འོངས་པར་བྷི་ཧར་ནང་དུས་འཁོར་དབང་ཆེན་གྱིས་མཚོན་པའི་ཆོས་ཀྱི་འཁོར་ལོ་ཡང་ནས་ཡང་དུ་བསྐོར་བའི་གསོལ་འདེབས་སྨོན་ལམ་ཞུ་ཡི་ཡོད་སྐོར་སོགས་གསུངས་སོང་།

_DSC0517མཇུག་ཏུ་༧གོང་ས་མཆོག་ནས་བཀའ་སློབ་གནང་སྐབས། བྷི་ཧར་གྱི་དབུ་བཞུགས་བློན་ཆེན་དེ་རིང་འདིར་ཕེབས་ཏེ་གསུང་བཤད་ཉིང་འདོན་བྱས་ནས་དངོས་གནས་མ་འོངས་པའི་བྱེད་ཕྱོགས་སྐོར་གྱི་གསུང་བཤད་ལ་ཉན་དུས། ཨོ་་་ད་དངོས་གནས་བྷི་ཧར་གྱིས་མགོ་འཁྲིད་དེ་རྒྱ་གར་ནང་ལ་སངས་རྒྱས་པའི་ཆོས་ཕལ་ཆེར་ཡར་རྒྱས་འགྲོ་ཐུབ་པ་ཞིག་མཐོང་གི་འདུག མ་གཞི་དེ་འདྲའི་མཚན་མ་ཞིག་གང་སར་ཡོང་གི་འདུག ཁ་ཡོད་ལག་ཡོད་ཀྱིས་ཡར་རྒྱས་ཤིག་འགྲོ་ས་རེད་དྲན་སོང་བས་ཐུགས་རྗེ་ཆེ་ཞུ་ཡི་ཡིན། ཞེས་གསུངས་པ་དང་འབྲེལ། གོང་དུ་སྤྱི་ཁྱབ་བློན་ཆེན་མཆོག་ནས་མ་འོངས་པར་རྡོར་གདན་ནས་དུས་འཁོར་དབང་ཆེན་གནང་རོགས་གསུངས་ཡོད་པས། མ་འོངས་པར་རྡོར་གདན་དུ་དུས་དབང་གནང་སྐབས་འཆམ་པ་མ་ཡོང་བ་ཞིག་ལ་བློན་ཆེན་མཆོག་ནས་འགན་ལེན་དགོས་པའི་སྐུ་རྩེད་གནང་སོང་།

ཡང་མགོན་པོ་གང་ཉིད་ནས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པར་འགྲེམས་སྟོན་ཁང་དང་སྒོམ་ཁང་། དཔེ་མཛོད་ཁང་སོགས་བཞེངས་བ་ཙམ་མིན་པར་ནང་ཆོས་སློབ་གཉེར་ཁང་དང་། ལྷག་པར་དུ་དཔལ་ནཱ་ལེནྜའི་ནང་ཆོས་ཀྱི་ཁྱད་ཆོས་ཚང་བའི་སློབ་གཉེར་ཁང་འཛུགས་དགོས་པ་དེ་ཞེ་དྲགས་གལ་ཆེན་པོ་ཡིན་ལ། པཎ་གྲུབ་བཅུ་བདུན་གྱིས་མཛད་པའི་བསྟན་བཅོས་རྣམས་ལ་སློབ་སྦྱོང་བྱེད་དགོས་པ་དང་། སློབ་སྦྱོང་བྱེད་སྟངས་དེའང་དེ་སྔོན་བོད་དུ་ནང་པའི་དཔེ་ཆ་རྐྱང་རྐྱང་ལ་བལྟས་ནས་འགྲོ་ཡི་ཡོད་པ་དེ་འདྲ་མ་ཡིན་པར་ལྟ་གྲུབ་མི་འདྲ་བའི་གཞུང་ཚང་མར་སློབ་སྦྱོང་བྱས་ཏེ་གོ་བསྡུར་བྱེད་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་བ་དང་། མཇུག་ཏུ་ད་ལན་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དུས་དབང་གོ་སྒྲིག་ཚགས་ཚུད་དང་ཡག་པོ་ཞེ་དྲགས་བྱུང་འདུག་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་བཞིན་བྷི་ཧར་མངའ་སྡེའི་གཞུང་མང་གཉིས་དང་། དྭང་བླངས་བ་རྣམས་ཀྱིས་ཕྱག་ལས་ཧུར་ཐག་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་ཏེ། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་ལེགས་པར་མཇུག་བསྡུས་སོང་།

གནས་མཆོག་རྡོ་རྗེ་གདན་ནས་པདྨ་མཚོས་སྤེལ།

བསྐྱར་བཅོས།: ༢༠༡༧/༠༤/༢༡

Leave a Reply

One thought on “དུས་འཁོར་དབང་ཆེན་ཐེངས་ ༣༤ པ་ཡོངས་སུ་མཇུག་རྫོགས།

  1. ཕྱི་ལོ་༢༠༡༧ ལོའི་སྔོན་འགྲོ་གསུང་ཆོས་དངོས་གཞི་དུས་དབང་དང་མཇུག་ཏུ་སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་རྗེས་གནང་དང་། བརྟན་བཞུགས། མཇུག་བསྡོམས་མཛད་སྒོ་བཅས་ལེགས་པ་གྲུབ་སོང་བ་ལ་དགའ་བས་རྗེས་སུ་ཡི་རང་ལན་བརྒྱར་ཞུ🙏🙏🙏🙏🙏