དུས་རབས་འདིར་རྒྱ་ནག་གི་མི་ས་ཡ་ ༢༠༠ ཐ་མག་གིས་གསོད་རྒྱུ་རེད།

ཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་བཀོད་པ་ལྟར་ན། ཕྱི་ཟླ་ ༤ པའི་ཚེས་ ༡༤ ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱ་ནག་ནང་ཐ་མག་འཐེན་མཁན་མང་དྲགས་ཏེ། དུས་རབས་འདིའི་ནང་རྒྱ་ནག་གི་མི་ས་ཡ་ ༢༠༠ ལྷག་ཐ་མག་གིས་གསོད་རྒྱུ་ཡིན་པ་མ་ཟད་མི་འབོར་ཁྲི་ཕྲག་མང་པོ་དབུལ་ཕོངས་ཆགས་རྒྱུ་ཡིན་འདུག

རྒྱ་ནག་ནི་རྒྱལ་སྤྱིའི་སྟེང་ཐ་མག་བཟོ་ཚོང་བྱེད་མཁན་མང་ཤོས་ཀྱི་རྒྱལ་ཁབ་དེ་ཆགས་ཡོད་པ་དང་། ཐ་མག་བཟོ་ཚོང་གིས་རྒྱ་ནག་གཞུང་ལ་དཔལ་འབྱོར་ཡོང་འབབ་ཆེན་པོ་སྐྲུན་བཞིན་ཡོད། འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་ ༢༠༡༥ ལོའི་སྙན་ཐོ་ལྟར་ན། རྒྱ་ནག་གཞུང་གིས་ལོ་དེར་ཐ་མག་བཟོ་ཚོང་ཁོ་ནར་བརྟེན་ཏེ་རྒྱ་སྒོར་དུང་ཕྱུར་ ༡་༡ (ཨ་སྒོར་བྱེ་བ་ ༡༦༠) ཡི་ཁེ་སྤོགས་བླངས་ཡོད་པ་དང་། དེ་ད་དུང་ལོ་རེར་བརྒྱ་ཆ་ ༢༠ ལྷག་འཕར་གྱིན་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་གྱི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་འཕེལ་རྒྱས་ལས་འཆར་ལྷན་ཁང་གཉིས་ཀྱི་གསལ་བསྒྲགས་ལྟར་ན། གལ་སྲིད་རྒྱ་ནག་གཞུང་གིས་མགྱོགས་མྱུར་ངང་ཐ་མག་འཐེན་མཁན་ཇེ་ཉུང་དུ་གཏོང་ཐུབ་མ་བྱས་ཚེ་རྒྱ་ནག་ལ་དཔལ་འབྱོར་དཀའ་ངལ་འཕྲད་རྒྱུ་ཡིན་པ་དང་། ལྷན་ཁང་དེ་གཉིས་ཀྱི་ “རྒྱ་ནག་གི་གསབ་མི་ཐུབ་པའི་དངུལ་འཛིན་”ཞེས་པའི་ནང་། རྒྱ་ནག་གཞུང་གིས་ ༢༠༡༤ ལོར་ཐ་མག་བཟོ་སྐྲུན་ཐོག་རྒྱ་སྒོར་བྱེ་བ་ ༣༥༠ ཡི་འགྲོ་གྲོན་བཏང་ཡོད་པ་དང་། དེ་ནི་ ༢༠༠༠ ལོའི་འགྲོ་གྲོན་ལས་ལྡབ་ ༡༠ ཡིས་འཕར་ཡོད་འདུག

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་རྒྱ་ནག་གི་འཕྲོད་བསྟེན་ཉམས་ཞིབ་པ་སྐུ་ཞབས་བྷིར་ཧ་ཌི་སི་བཱར་ཌི་ལཱན་ཌིར་ (Bernhard Schwartlander) ལགས་ཀྱིས་བརྗོད་དོན། གལ་སྲིད་རྒྱ་ནག་གཞུང་གིས་ཐ་མག་གིས་མི་འབོར་ཇེ་ཉུང་དུ་གཏོང་བཞིན་པའི་ཛ་དྲག་གནས་སྟངས་འགོག་པའི་སྲིད་ཇུས་ཤིག་ལག་བསྟར་བྱེད་མ་ཐུབ་ཚེ། དེའི་མཇུག་འབྲས་ཀྱིས་རྒྱ་ནག་མི་མང་གི་འཕྲོད་བསྟེན་ལ་ཉེན་ཁ་བཟོ་རྒྱུ་ཡིན་པ་མ་ཟད། རྒྱ་ནག་རྒྱལ་ཡོངས་ཀྱི་དཔལ་འབྱོར་ལའང་གྱོང་གུད་ཚབས་ཆེན་ཐེབས་ངེས་རེད་ཅེས་བརྗོད་ཡོད།

སྙན་ཐོ་དེའི་ནང་ཚོད་དཔག་བྱས་པ་ལྟར་ན། རྒྱ་ནག་གི་མི་མང་པོ་ཞིག་ཐད་ཀར་ཐ་མག་ནད་རིགས་ཀྱིས་ཚེ་སྲོག་འཕྲོག་བཞིན་ཡོད་པ་དང་། ཁག་ཅིག་ཐད་ཀར་མ་ཡིན་པར་ལས་གནས་ཤོར་བ་སོགས་ཀྱི་སེམས་ཁྲལ་འོག་ཐ་མག་འཐེན་དྲགས་ཏེ་གྲོངས་བཞིན་ཡོད་འདུག སྙན་ཐོ་དེའི་ནང་། རྒྱ་ནག་གི་སྐྱེས་པ་བརྒྱ་ཆ་ ༥༠ དང་ན་གཞོན་བརྒྱ་ཆ་ ༢༨ ལྷག་གིས་ཐ་མག་རྒྱུན་འཐེན་བྱེད་ཀྱིན་ཡོད་པ་དང་། དེའི་ཁྲོད་ཀྱི་མང་ཤོས་ཤིག་གྲོང་གསེབ་ཁག་ནས་གྲོང་ཁྱེར་དུ་ལས་ཀ་འཚོལ་དུ་ཡོང་མཁན་ཡིན་འདུག་ལ། ཁོ་ཚོར་ཡོང་འབབ་ཡག་པོ་མེད་པའི་གནོད་ཤུགས་འོག་ཐ་མག་འཐེན་དྲགས་ཏེ་ན་ཚ་ཕོག་པ་དང་། སྨན་ཁང་དུ་འགྲོ་བར་སྨན་རིན་མཐོ་དྲགས་པ་སོགས་ཀྱི་དཀའ་ངལ་ལ་བརྟེན་ཏེ་འདས་གྲོངས་སུ་འགྲོ་བཞིན་ཡོད་འདུག དེ་ནི་རྒྱ་ནག་གི་ ༢༠༢༠ ལོའི་དབུལ་འཕོང་གཙང་བཟོའི་ལས་འགུལ་དང་འགལ་ཟླར་གྱུར་ཡོད་ཅེས་བཀོད་ཡོད་འདུག

དེ་སྔ་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་ཁག་གིས་རྒྱ་ནག་ནང་ཐ་མག་འཐེན་མི་ཆོག་པའི་ཁྲིམས་ལུགས་བཟོས་ཏེ། པེ་ཅིན་དང་ཧྲང་ཧེ་སོགས་སུ་སྤྱི་དམངས་ནང་ཐ་མག་འཐེན་མི་ཆོག་པའི་བཀའ་རྒྱ་གཏོང་དགོས་པའི་སྐུལ་མ་ཡང་ཡང་བཏང་ཡོད་ཀྱང་། རྒྱ་ནག་ནང་ཐ་མག་བཀག་སྡོམ་གྱི་ལས་གཞི་སྤེལ་རྒྱུ་དཀའ་ལས་ཁག་པོ་ཆགས་ཡོད། རྒྱུ་མཚན་ནི། ཐ་མག་བཟོ་གྲྭ་དེ་དག་ (རྒྱ་ནག་རྒྱལ་ཁབ་ཐ་མ་ཁ་མཉམ་འབྲེལ་བཟོ་གྲྭ)ཞེས་སྲིད་གཞུང་དང་འབྲེལ་བ་ཡོད་པ་དང་། རྒྱ་ནག་གཞུང་གི་དཔོན་རིགས་ཚོས་བཟོ་གྲྭ་དེ་དག་ཕན་ཚུན་ལ་སྤྲོད་རེས་བྱས་ཏེ། དཔོན་རིགས་རྒན་པ་ཁག་ལ་ཁེ་སྤོགས་བགོ་ཤ་རྒྱག་པ་སོགས་ཚོང་གི་ཁེ་དབང་སྒེར་འཛིན་བྱེད་བཞིན་ཡོད་པ་རེད།

འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་སྙན་ཐོ་དེའི་ནང་། རྒྱ་ནག་གཞུང་གིས་ཐ་མག་གི་དཔྱ་ཁྲལ་ཡར་འཕར་ཏེ་ཐ་མག་ཉོ་ཐུབ་མཁན་གྱི་མི་འབོར་ཇེ་ཉུང་དུ་གཏོང་ཐབས་བྱེད་དགོས་པའི་སྐོར་སོགས་འཁོད་ཡོད་པ་དང་། ༢༠༡༥ ལོར་རྒྱ་ནག་གིས་ཐ་མག་དཔྱ་ཁྲལ་ཡར་འཕར་བ་མ་ཟད། ཐ་མག་གི་རིན་གོང་ཡང་ཇེ་མཐོར་བཏང་ཡོད་འདུག ད་ལྟ་ཆ་སྙོམས་བྱས་ན་རྒྱ་ནག་གི་ཐ་མག་ཤོག་སྒམ་གཅིག་ལ་རྒྱ་སྒོར་ ༡༠ ལ་གནས་ཀྱི་ཡོད་འདུག

སྙན་ཐོ་དེའི་ནང་། གལ་སྲིད་རྒྱ་ནག་གཞུང་གིས་ཐ་མག་གི་མ་རྩའི་རིན་གོང་བརྒྱ་ཆ་ ༥༠ ཡར་སྤར་ཡོད་ན། འདས་བའི་ལོ་ངོ་ ༥༠ རིང་ཐ་མག་གི་ནད་རིགས་ལས་རྒྱ་ནག་གི་མི་འབོར་ས་ཡ་ ༢༠ ལྷག་གི་ཚེ་སྲོག་སྐྱོབ་ཐུབ་ཡོད་ཅེས་བཀོད་ཡོད་འདུག

 

བསྐྱར་བཅོས།: ༢༠༡༧/༠༤/༡༧

Leave a Reply