དྲུག་བཞིའི་དོན་རྐྱེན།

བོད་ཀྱི་དུས་བབ་ཀྱི་ས་གནས་གསར་འགོད་པ་ཟླ་བ་ཚེ་རིང་ལགས་ཀྱིས་དྲུག་བཞིའི་དོན་རྐྱེན་སྐོར་བརྗོད་པ་ཟིན་བྲིས་སུ་བཏབས།

གཅིག ཅི་ཞིག་ལ་དྲུག་བཞིའི་དོན་རྐྱེན་ཟེར། 

སྤྱི་ལོ་ (༡༩༨༩ ། ༠༤ ། ༡༥ ནས་༡༩༨༩ ། ༠༦ ། ༢༤)བར་དྲུག་བཞིའི་དོན་རྐྱེན་གྱི་དུས་ཡུན་ལ་ངོས་འཛིན་ཞིང་། ༠༦། ༠༣ མཚན་གྱི་དུས་ཚོད་བཅུ་པ་བཅུ་གཅིག་ཙམ་ནས་ ༠༦། ༠༤ ཐོ་རངས་བར་ཏུ་ལས་འགུལ་སྤེལ་ཡུལ་གྱི་ལྟེ་བ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནས་སློབ་ཕྲུག་ངོ་རྒོལ་བ་རྣམས་དྲག་གནོན་དང་དམར་གསོད་བྱས་པས་དྲུག་བཞི་དོན་རྐྱེན་དུ་གྲགས།

གཉིས། དྲུག་བཞིའི་དོན་རྐྱེན་གྱི་བྱུང་རིམ།

༡༩༨༩ ཟླ་ ༤ ཚེས་ ༡༥ ཉིན་ཧོ་ཡོ་པང་( 胡耀邦 ) གློ་བུར་གྲོངས་པ་རེད། སྐབས་དེར་ཁོ་རྒྱ་ནག་གི་དམར་ཕྱོགས་དྲུང་ཆེ་ཟུར་བ་ཡིན། ཁོ་གོ་གནས་ལས་གཡུག་ནས་ཚབ་ལ་ཡང་(赵紫阳) བཞག་ཡོད།

ཧོ་ཡོ་པང་གིས་བཅོས་བསྒྱུར་སྒོ་འབྱེད་སྐོར་རྩལ་དུ་བཏོན་ནས། ཕྱི་ལ་སྒོ་འབྱེད་དང་ནང་ལ་བཅོས་སྦྱོར་སྐོར་མང་དུ་བཤད། མང་དུ་ལས་པ་མ་ཟད། བོད་ནང་དང་བོད་དོན་སྐོར་ལའང་སྐད་ཆ་ཡག་པོ་བཤད་ཡོད། ༧གོང་ས་མཆོག་གིས་ཀྱང་ཧོ་ཡོ་པང་ཡོད་ན་བོད་ཀྱི་གནད་དོན་སེལ་ཡོད་པའི་བཀའ་ལན་གནང་མྱོང་།

ཡིན་ནའང་། རྒྱ་ནག་གི་མཐོ་རིམ་དཔོན་རིགས་ནང་ཁུལ་མ་འཆམ་པར་སྤྱི་ལོ་ ༡༩༨༧ ལོར་ཁོ་གོ་གནས་ལས་གཡུག་པ་རེད། དེ་ལ་མི་དམངས་དང་སློབ་ཕྲུག་དགའ་མོས་བྱུང་མེད། དེའི་ཕྱིར། ཁོ་གྲོངས་པའི་ཕྱི་ཉིན་ ༠༤། ༡༦ ནས་བཟུང་སློབ་ཕྲུག་དག་སྲང་ལ་བུད་ནས་མྱ་ངན་གྱི་ཚོགས་འདུ་འཚོགས་ཤིང་རྗེས་དྲན་གྱི་བྱ་འགུལ་སྤེལ་བ་རེད། བར་སྐབས་དེར་དྲག་ཆས་ཉེན་རྟོག་པ་དང་སློབ་ཕྲུག་བར་གདོང་ཐུག་ཆུང་ཆུང་རེའང་བྱུང་ཡོད།

དེ་ལྟར་ཟླ་ ༤ ཚེས་ ༢༢ བར་དུ་སློབ་ཕྲུག་ཚོས་མྱ་ངན་དང་ངོ་རྒོལ་གྱི་རྣམ་པས་འདུ་འཛོམས་ལན་མང་བྱས་པ་རེད། རིམ་བཞིན་གྲངས་འབོར་འཕེལ་ནས་ཁྲི་བཅུ་བརྒལ་བ་བྱུང་། ཟླ་ ༤ ཚེས་ ༢༢ ཉིན་རྒྱ་ནག་གཞུང་གིས་ཁོ་ལ་མྱ་ངན་གྱི་ཚོགས་འདུ་བསྡུས་པ་རེད། གོ་སྐབས་དེར་བསྟུན་ནས་སློབ་ཕྲུག་ཁྲི་ཉི་ཤུ་ལྷག་གིས་ཀྲུང་ནན་ཧེ་དང་མི་མང་ཚོགས་ཁང་གཉིས་བསྐོར་བ་རེད།

ཟླ་ ༤ ཚེས་༢༤ ནས་བཟུང་། པེ་ཅིན་གྱི་སློབ་ཆེན་ ༣༥ ཡིས་སློབ་མཚམས་བཞག་ནས་ངོ་རྒོལ་བྱས་པ་རེད། དེའི་ཤུགས་རྐྱེན་གྱིས་ཧྲང་ཧེ་དང་། ཞིས་ཨན། ནན་ཅིན་སོགས་རྒྱ་ནག་གི་གྲོང་ཁྱེར་ཆེ་ཤོས་ཁག་ནས་སློབ་ཆེན་སློབ་ཕྲུག་དག་གིས་སློབ་མཚམས་བཞག་ནས་སྲང་ལ་བུད་དེ་པེ་ཅིན་གྱི་སློབ་ཕྲུག་ཚོར་རྒྱབ་སྐྱོར་བྱས་པ་རེད།

ཟླ་ ༤ ཚེས་ ༢༦ ཉིན་ནས་བཟུང་མི་མང་ཉིན་རེའི་ཚགས་པར་དང་ཀྲུང་དབྱང་བརྙན་འཕྲིན་ཁང་སོགས་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས། ད་རེའི་སློབ་ཕྲུག་གི་ལས་འགུལ་འདི་འཆར་གཞི་དང་རྩ་འཛུགས་ལྡན་པའི་ཟིང་སློང་གི་གཡོ་འགུལ་ཞིག་རེད་ཅེས་བསྒྲགས་པ་རེད། དེ་ལ་རྐྱེན་བྱས་ནས་སློབ་མ་ཚོས་ལས་འགུལ་ངོ་བོ་ཤུགས་ཆེ་རུ་བཏང་ཞིང་། མང་ཚོགས་ཀྱིས་ཀྱང་སློབ་ཕྲུག་ལ་རྒྱབ་སྐྱོར་ཆེད་སྲང་ལ་ཐོན་མགོ་བཙུགས་པ་རེད།

ཟླ་ ༤ ཚེས་༢༨ ཉིན་སློབ་ཕྲུག་ཚོས་པེ་ཅིན་མཐོ་རིམ་སློབ་མའི་རང་སྐྱོང་མཉམ་འབྲེལ་མཐུན་ཚོགས་བཙུགས་པ་རེད། དེ་ལ་དང་པོར་སྣེ་ཁྲིད་མཁན་མི་བདུན་(王丹,吾尔开希,刘刚,柴令,周锋锁,李录,封从徳)གཙོས་བའི་རྒྱུན་ལས་ཉེར་གཅིག་ཡོད། དྲུག་བཞིའི་དྲག་གནོན་གྱི་རྗེས་སུ་རྒྱ་གཞུང་གིས་ཁོ་ཚོར་ཛ་དྲག་འཛིན་བཟུང་བཀའ་རྒྱ་དམར་རྟགས་ཅན་བཏང་བ་རེད། མི་ཉེར་གཅིག་ལས་མི་བདུན་ཕྱི་ལ་ཐར་ཞིང་མི་བཅུ་བཞི་འཛིན་བཟུང་བྱས། ཚོགས་པ་དེས་དགོས་འདུན་དོན་ཚན་བདུན་བཏོན་པ་རེད། ནང་དོན་མདོར་བསྡུས་ན། གཞུང་དང་མཉམ་དུ་གྲོས་མོལ་བྱེད་པ་དང་། ཁྲིམས་ཀྱིས་དབང་བསྒྱུར་ལས་ཏང་གིས་དབང་བསྒྱུར་མི་ཆོག་པ། དམངས་གཙོ་དང་རང་དབང་དགོས་ཚུལ་སོགས་བཤད་པ་རེད།

ཟླ་ ༥ ཚེས་༤ ཉིན་སློབ་ཕྲུག་ཚོགས་པ་དེས་ལྔ་བཞིའི་ལས་འགུལ་དུས་དྲན་དང་ལྷན་རྒྱལ་ཡོངས་ནས་སློབ་ཕྲུག་གི་གྲངས་ཀ་སྤར་བ་དང་ཕྱོགས་གང་ས་ནས་ཡར་ལངས་ཀྱིས་ལས་འགུལ་ཤུགས་ཆེ་རུ་བཏང་བ་རེད། ཉིན་དེར་ཀྲོ་ཙི་ཡང་གིས་ད་རེའི་སློབ་མའི་ལས་འགུལ་འདི་དམངས་གཙོ་དང་ཁྲིམས་ལུགས་གཞིར་བཞག་ཐག་གཅོད་བྱེད་དགོས་པའི་གཏམ་བཤད་སྤེལ་ཞིང་། དེ་སློབ་ཕྲུག་ཚོས་རེ་བ་ཞིག་ལའང་མཐོང་ཡོད་རེད། སློབ་ཕྲུག་ཚོས་ལྔ་བཞིའི་དུས་དྲན་དང་སྟབས་བསྟུན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཟིན་ཞིང་། ཟླ་ ༥ ཚེས་ ༤ ནས་ཟླ་ ༥ ཚེས་ ༡༣ དབར་ལས་འགུལ་ཤུགས་ཆེ་སྤེལ་ནས་བསྡད་པ་རེད།

ཟླ་༥  ཚེས་ ༡༣ ཉིན་དྲུག་བཞིའི་དོན་རྐྱེན་རྒྱལ་སྤྱིར་ཁྱབ་པའི་སྐྱོག་མཚམས་ཤིག་ལ་གྱུར་བ་རེད། ཉིན་དེར་སུའུ་ལེན་གྱི་སྲིད་འཛིན་གྷོར་པ་ཆོ་ཧྥུ། (Mikhaïl Gorbatchev 戈尔巴乔夫)རྒྱ་ནག་ལ་འཚམས་གཟིགས་བྱེད་པར་ཡོང་བ་རེད། རྒྱ་ནག་དང་སུའུ་ལེན་གཉིས་འབྲེལ་བ་ཆད་ནས་ལོ་སུམ་ཅུ་འགོར་ཡོད་པར་བརྟེན། རྒྱལ་སྤྱིའི་སྒང་ནས་དེ་ལ་དོ་སྣང་ཆེན་པོ་བྱས་པ་རེད། སྐབས་དེར་རྒྱལ་སྤྱིའི་བརྒྱུད་ལམ་གྱི་གསར་འགོད་པ་ཡོད་པའི་གོ་སྐབས་དམ་འཛིན་དང་བརྩོན་ལེན་གྱིས་ངོ་རྒོལ་གྱི་ངོ་བོ་ཤུགས་ཇེ་ཆེར་བཏང་ནས་ཝང་ཏན་གྱིས་སྣེ་ཁྲིད་པའི་ཟས་བཅད་ངོ་རྒོལ་ཡང་ཉིན་དེར་མགོ་བཙུགས་པ་རེད། སློབ་ཕྲུག་ཚོའི་རེ་བ་དང་བརྩོན་ལེན་དེ་བཞིན་དྲུག་བཞིའི་དོན་རྐྱེན་རྒྱལ་སྤྱིར་ཁྱབ་པ་རེད། བར་སྐབས་དེར་རྒྱ་ནག་གི་བརྒྱུད་ལམ་ཁག་ནས་ཀྱང་སློབ་ཕྲུག་ཚོར་གདུང་སེམས་མཉམ་སྐྱེད་ལྟ་བུའི་གནས་ཚུལ་ཕྲན་བུ་རེ་བྱུང་བ་རེད།

ཀྲོ་ཙི་ཡང་གིས་སུའུ་ལེན་གྱི་སྲིད་འཛིན་ལ་ཆབ་སྲིད་དང་འབྲེལ་བའི་རྒྱལ་ཁབ་ཀྱི་ལས་དོན་ཆེ་ཁག་ཚང་མ་ཏིན་ཞོ་ཕིན་གྱིས་ཐག་གཅོད་ཀི་ཡོད་ཅེས་བཤད་པའི་སྐད་ཆ་དེའང་བར་སྐབས་དེར་ཁྱབ་པ་རེད།

དེ་བཞིན་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཚོ་ནང་ཁུལ་ཕྱོགས་ཁག་གཉིས་སུ་གྱེས་པ་རེད། ཀུ་ཡངས་རིང་ལུགས་ཀྲོ་ཙི་ཡང་དང་བན་ལི། ཞི་ཏུང་ཞན། ཧོ་ཅའི་ལི་སོགས་(赵紫阳, 万里,徐动先,胡啟立)དང་། མཁྲེགས་འཛིན་རིང་ལུགས་ཏིན་ཞོ་ཕིན་དང་ལའི་ཕུན། ཆའོ་ཧྲི། ཡང་ཧྲང་ཁོང་སོགས་(邓小平, 李鹏,乔石,杨尚昆) གཉིས་སུ་གྱེས། མཁྲེགས་འཛིན་རིང་ལུགས་ལ་དབང་ཤོར་ནས་ཏིན་ཞོ་ཕིན་གྱིས་བཀག་སྡོམ་བྱེད་པར་གཏན་འབེབ་བྱས་པ་རེད། ལི་ཕུན་གྱིས་སྐབས་དེའི་རྒྱ་ནག་ནི་སྲིད་གཞུང་མེད་པའི་གནས་སྟངས་འོག་ལྷུང་ཡོད་ཚུལ་དང་ཁྲག་དང་རྔུལ་ཆུས་བསྐྲུན་པའི་རྒྱ་ནག་གསར་པ་ཆག་འཇིག་གི་ཉེན་ཁའི་གནས་སུ་ལྷུང་ཡོད་ཚུལ་བསྒྲགས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལས་འགུལ་ངོ་རྒོལ་ལ་དམ་དྲག་བྱ་རྒྱུའི་བཀོད་ཁྱབ་བཏང་པ་རེད། དེ་ལ་རྐྱེན་བྱས་ནས་སློབ་ཕྲུག་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མང་ཚོགས་སྔར་ལས་ཇེ་མང་དུ་སོང་ཞིང་། རྒྱལ་ཡོངས་ཀྱི་ས་ཁུལ་གང་ས་ནས་མང་ཚོགས་རྒྱབ་སྐྱོར་ཆེད་པེ་ཅིན་ལ་ཡོང་ཤུགས་ཆེ་རུ་ཕྱིན། དམག་མི་དམ་དྲག་བྱེད་པར་ཡོང་སྐབས་མང་ཚོགས་དབར་ལ་བུད་ནས་དམ་དྲག་ལག་བསྟར་བྱེད་མ་ཐུབ་པ་རེད།

ཟླ་ ༥ ཚེས་ ༡༨ ཉིན་ཟས་བཅད་ངོ་རྒོལ་བ་དག་དང་གཞུང་གཉིས་དབར་གྲོས་མོལ་མགོ་བཙུགས་པ་རེད། གྲོས་མོལ་གྱི་བརྡ་སྦྱར་ནའང་དོན་ལ་ངོ་རྒོལ་ཕྱིར་འཐེན་གྱི་བསླབ་བྱ་གོ་བསྐོན་ལྟ་བུ་བྱས་པ་རེད། ཡིན་ནའང་། སློབ་ཕྲུག་ཚོས་ཕྱིར་དགོས་འདོད་བཏོན་ནས་ལམ་སློང་མ་བྱུང་བ་རེད།

ཟླ་ ༥  ཚེས་ ༡༩ ཉིན། ཟས་བཅད་ངོ་རྒོལ་བྱས་ནས་ཉིན་བདུན་འགོར་བའི་ཉིན་ཀྲོ་ཙི་ཡང་ཡོང་ནས་སློབ་ཕྲུག་ཚོར་རྒྱབ་སྐྱོར་གྱི་གཏམ་བཤད་དེ་སྤེལ་བ་རེད། དེ་ཁོའི་མང་ཚོགས་མཐོང་ལམ་གྱི་གཏམ་བཤད་ཐ་མར་གྱུར་ཅིང་། ཉིན་དེ་ནས་བཟུང་ཀྲོ་ཙི་ཡང་ཚང་མའི་མཐོང་ལམ་ནས་བོར་བརླག་ལ་སོང་བ་རེད། དེ་ལྟར་ཟླ་ ༥ ཚེས་༢༧་དང་༢༨ དབར་བསྡད་པ་རེད། མང་ཚོགས་ཀྱི་སྐད་འབོད་གཙོ་བོ་ཏིན་ཞོ་ཕིན་དང་ལི་ཕུན་ལས་གནས་ནས་དགོངས་ཞུ་དགོས་ཚུལ་དེ་རེད།

སྐབས་དེར་སློབ་མ་ཚོས་དམ་དྲག་གི་བཀའ་རྒྱ་ཕྱིར་འཐེན་གྱི་རེ་བ་ཞིག་བཟུང་ཡོད་རེད་ལ། རེ་བ་དེ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་བན་ལི་ལ་རེ་བ་བརྒྱབ་པ་རེད། བན་ལི་བར་སྐབས་དེར་ཨ་རི་དང་ཁ་ན་ཊ་སོགས་ལ་གཟིགས་སྐོར་དུ་སོང་ཡོད། ཁོ་ཕྱིར་སླེབས་ན་དམ་དྲག་དེ་ཕྱིར་འཐེན་གྱི་སྣེ་འཁྲིད་པར་རེ་བ་བརྒྱབ་པ་རེད། འོན་ཏེ། བན་ལིའི་གནམ་གྲུ་ཁ་ཐུག་ཧྲང་ཧེ་ལ་བབས་ཤིང་ཧྲང་ཧེ་ནས་ཅང་ཙེ་མིན་གྱིས་བཀག་པ་རེད། ཡིན་ནའང་། ཕྱི་ལ་བང་ལི་ན་ནས་སྨན་ཁང་ནང་ཡོད་པར་བསྒྲགས་པ་རེད། དེ་རྗེས་བན་ལིས་ཀྱང་དམ་དྲག་ལ་རྒྱབ་སྐྱོར་ཡོད་པའི་བསྒྲགས་གཏམ་སྤེལ་བ་རེད། དེ་ནས་རྙོག་དྲ་ཆེ་རུ་འགྲོ་འགོ་ཚུགས་པ་རེད།

ཟླ་ ༥ ཚེས་ ༢༨ ཉིན་སློབ་ཕྲུག་ནང་ཁུལ་ནས་ལས་འགུལ་མཚམས་འཇོག་མིན་ཐད་རྩོད་གླེང་བྱུང་བ་རེད། མཚམས་འཇོག་དགོས་པར་བཤད་མཁན་ཚོས་ལས་འགུལ་མུ་མཐུད་ན་ངན་ལས་བཟང་ཆ་མེད་པ་དང་། ལྷག་པར་དམངས་གཙོའི་འཐབ་རྩོད་ནི་དུས་ཡུན་དང་ཕུགས་རྒྱང་རིང་བོར་འགྲོ་དགོས་ཚུལ་བཤད་པ་རེད། མཚམས་མི་འཇོག་མཁན་ཚོས་འདི་ལྟར་བར་མཚམས་བཞག་ན་གྲུབ་འབྲས་མི་ལོན་པའི་སྟེང་ལ་རྒྱ་གཞུང་གི་ལག་པར་རང་འགུལ་གྱིས་བཞག་པ་ཡིན་ཚུལ་བཤད་པ་རེད། མཐར་འོས་བསྡུ་བྱས་ནས་ལས་འགུལ་མུ་མཐུད་རྒྱུ་བྱས་པ་རེད།

ཟླ་ ༥ ཚེས་ ༢༩ ཉིན་ཀྲུང་དབྱང་སྒྱུ་རྩལ་སློབ་ཆེན་གཙོས་པའི་སློབ་ཆེན་ ༦ མཉམ་འབྲེལ་གྱིས་གནམ་སྡེ་སྒོ་མོ་ཆེ་ཐང་ཆེན་དུ་དམངས་གཙོ་ལྷ་མོའི་སྐུ་བརྙན་ཆེན་པོ་ཞིག་བཞེངས་པ་དང་། ཟླ་ ༦ ཚེས་ ༢ ཉིན་སྐབས་དེའི་”འཕགས་པ་རྣམ་བཞི”སྟེ། དེང་གི་ཞི་བདེ་གཟེངས་རྟགས་བཞེས་མཁན་ལིག་ཞའོ་པོ་དང་ཀའོ་ཞིན། ཀྲུག་ཐོ། ཐེ་ཝན་གྱི་གྲགས་ཅན་གཞས་པ་ཧུག་ཏིག་ཅན་ (刘晓波,高新,周舵,台湾歌星侯德健) ངོ་རྒོལ་སྤེལ་སར་ཡོང་ནས་གཏམ་བཤད་སྤེལ་བ་དང་། ལས་འགུལ་ལ་རྒྱབ་སྐྱོར་ཆེད་ཆུ་ཚོད་ ༧༢ རིང་ཟས་བཅད་ངོ་རྒོལ་ནང་མཉམ་ཞུགས་བྱ་རྒྱུའི་དམ་བཅའ་བཞག་པ་རེད། བར་སྐབས་དེར་རྒྱ་གཞུང་གིས་དམ་དྲག་བཀའ་ཁྱབ་ལག་བསྟར་མ་ཐུབ་པའི་སྒང་ལ་ལས་འགུལ་གཞི་རྒྱ་ཆེ་རུ་སོང་བར་བརྟེན། ལས་འགུལ་ལ་དྲག་གནོན་བྱ་རྒྱུའི་ཐག་གཅོད་བྱས་པ་མ་ཟད། ཏིན་ཞོ་ཕིན་རང་གིས་དངོས་སུ་བཀོད་ཁྱབ་བཏང་ཞིང་འཆར་འགོད་བྱས་པ་རེད།

ཟླ་ ༦ ཚེས་ ༣ མཚན་མོའི་དུས་ཚོད་བཅུ་བ་བཅུ་གཅིག་ཙམ་ནས་ཟླ་ ༦ ཚེས་ ༤ ཐོ་རངས་བར་ཏུ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་ངོ་རྒོལ་བ་དམར་གསོད་དང་གཙང་ཕྱག་གི་བྱ་འགུལ་སྤེལ་བ་རེད།

ཟླ་ ༦ ཚེས་ ༥ ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སློབ་ཕྲུག་གི་ངོ་རྒོལ་དེ་དྲག་སྤྱོད་ཀྱི་གསར་བརྗེ་ངོ་ལོག་གི་ཟིང་སློང་ཞིག་ཡིན་པར་བསྒྲགས་ནས་གོང་གསལ་སློབ་ཕྲུག་ཉེར་གཅིག་འཛིན་བཟུང་གི་བཀའ་རྒྱ་དམར་རྟགས་ཅན་དང་། དེ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཤེས་ཡོན་པ་དང་མང་ཚོགས་སྣེ་འཁྲིད་པ་སོགས་འཛིན་བཟུང་བཅས། ཟླ་ ༦ ཚེས་ ༢༤ དབར་རྒྱ་གཞུང་གིས་ངོ་རྒོལ་བ་གཙང་ཕྱགས་དང་འཛིན་བཟུང་ཆེན་མོའི་སྲིད་ཇུས་ལག་བསྟར་བྱས་པ་རེད།  ཟླ་ ༦ ཚེས་ ༢༤ ཉིན་གཞུང་འབྲེལ་ཐོག་ཀྲོ་ཙི་ཡང་མར་གཡུག་ཏེ་ཚབ་ལ་ཅང་ཙེ་མིན་བཞག་པའི་སྐོར་བསྒྲགས་པ་རེད། དྲུག་བཞིའི་དོན་རྐྱེན་གྱི་དུས་ཡུན་ (༡༩༨༩ ། ༠༤ ། ༡༥ ནས་༡༩༨༩ ། ༠༦ ། ༢༤) དབར་འཇོག་དགོས་པའི་རྒྱུ་མཚན་ཡང་དེ་རེད།

གསུམ། དྲུག་བཞིའི་དོན་རྐྱེན་སྐབས་ཀྱི་བསད་གྲངས།

སྐབས་དེར་རྒྱ་ནག་རྒྱལ་སྲུང་བློན་ཆེན་ཁྲི་ཧོའུ་ཐེན་ (国防部长迟浩田) གྱིས་གཅིག་ཀྱང་བསད་མེད་ཅེས་བསྒྲགས་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཡོན་མོ་ཡིས་ (袁木) མི་ ༢༣ བསད་ཡོད་ཅེས་བཤད། པེ་ཅིན་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་ཁྲིན་ཞི་ཐུང་ (陈希同) གིས་མྱི་ ༣༦ དང་། རྒྱལ་ཁབ་ཀྱི་དབུ་ཁྲིད་གཞོན་པ་ཡང་ཧྲང་ཁོང་ (杨尚昆) གིས་མི་ ༦༠༠ བསད་ཡོད་པར་བཤད། ཡིན་ཡང་།  རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་ཚོགས་པའི་ཞིབ་འཇུག་གི་སྙན་ཐོ་ནང་མི་ ༣༠༠༠ ལྷག་བསད་པར་བཤད་ཀྱིན་ཡོད། དེ་ནི་སྐབས་དེའི་པེ་ཅིན་གྱི་སྨན་ཁང་བརྒྱ་ལྷག་ནང་རྩར་གཅོད་ཞིབ་འཇུག་དང་། ཡིག་ཚགས་གསང་སྔོག་བྱས་པའི་འབྲས་བུ་ལས་བྱུང་བར་བཤད་ལ། སློབ་མའི་རང་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་ཤུལ་ལྷག་སློབ་མ་ཚོས་སྨན་ཁང་ ༣༢ ནང་གསང་བའི་ཞིབ་འཇུག་གི་གྲུབ་དོན་དང་། རྒྱ་གྲམ་དམར་པོའི་སྙན་ཐོ་གཉིས་བསྡུར་ནས་མི་ ༢༨༠༠ ཡས་མས་བསད་པར་གླེང་གིན་ཡོད། ཡིན་ནའང་། ད་དུང་བསད་གྲངས་གཏན་འཁེལ་ཐུབ་ཀི་མེད།

བཞི། དྲུག་བཞིའི་དགོས་འདུན་དོན་ཚན་བདུན།

གཅིག ཧུའུ་ཡོ་པང་གི་བྱས་ཉེས་ལ་ཡང་བསྐྱར་རམ་གསར་དུ་དབྱེ་ཞིབ་དང་། དམངས་གཙོ་དང་རང་དབང་། གུ་ཡངས། འཆམ་མཐུན་བཅས་ཀྱི་གཞི་རྩའི་རིན་ཐང་ལ་མཐའ་གཅིག་ཏུ་ངོས་ལེན་བྱེད་དགོས།

གཉིས། མི་གཞིའི་སྙིང་སྟོབས་འབག་རྩོག་བཟོ་བར་མཐའ་གཅིག་ཏུ་ངོས་ལེན་མེད་པ་དང་། གྲལ་རིམ་དབྱེ་འབྱེད་ཀྱི་དཔལ་འབྱོར་རང་དབང་ལ་ངོ་རྒོལ། ཉེས་མེད་ཉེས་འཛུགས་ཕོག་པའི་ཤེས་ཡོན་པ་ཚོ་དཀར་འདོན་བྱེད་དགོས།

གསུམ། རྒྱལ་ཁབ་རིམ་པའི་དཔོན་རིགས་ཚོ་དང་། ཁོ་ཚོའི་ནང་མི་རྣམས་ཀྱི་ལོ་རེའི་ཡོང་འབབ་གང་ཡོད་མི་དམངས་ལ་ཡོངས་ཁྱབ་གསལ་བསྒྲགས་དང་། ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་བྱེད་དགོས།

བཞི། དམངས་ཁྲོད་དང་སྤྱི་ཚོགས་ནང་རང་དབང་གི་གསར་ཤོག་འདོན་སྤེལ་ཆོག་པ་དང་། གཞུང་གིས་གསར་ཤོག་བཀག་འགོག་གི་བཀའ་རྒྱ་ཕྱིར་བསྡུ། སྨྲ་བརྗོད་རང་དབང་ལག་བསྟར་བྱ་ཆོག་དགོས།

ལྔ། ཤེས་ཡོན་སློབ་གསོའི་མ་དངུལ་གོང་མཐོར་དང་དང་། ཤེས་ལྡན་པ་ཚོའི་ཐོབ་ཐང་དང་ཆ་རྐྱེན་གོང་མཐོར་གཏོང་དགོས།

དྲུག པེ་ཅིན་གྲོང་ཁྱེར་སྲིད་གཞུང་གིས་གཏན་འབེབ་བྱས་པའི་ངོ་རྒོལ་ཁྲོམ་སྐོར་ཐད་ཀྱི་སྒྲིག་གཞི་དོན་ཚན་བཅུ་བོ་རྩིས་མེད་དམ་ཕྱིར་བསྡུ་བྱེད་དགོས།

བདུན། གཞུང་འཛིན་དཔོན་རིགས་ཚོས་གཞུང་གི་ལས་དོན་འཐུས་ཤོར་བཏང་ཚེ། རྒྱལ་ཡོངས་མི་དམངས་ལ་ཡོངས་ཁྱབ་ཀྱིས་བཟོད་གསོལ་དང་། དམངས་གཙོའི་འགྲོ་ལུགས་བརྒྱུད་རིམ་པ་ཁག་བགོས་ཀྱིས་འགྲོ་འདུག་ཐག་གཅོད་བྱེད་དགོས།

ལྔ། དྲུག་བཞི་སློབ་མའི་དབུ་ཁྲིད་ཚོ།

༡༽ ཝང་ཏན། (王丹)དྲུག་བཞི་དོན་རྐྱེན་སྐབས་ཁོ་ལོ་ཉི་ཤུ་དང་པེ་ཅིན་སློབ་གྲྭ་ཆེན་མོའི་སློབ་མ་རེད། སློབ་མའི་ལས་འགུལ་སྣེ་འཁྲིད་མཁན་དང་པེ་ཅིན་མཐོ་སློབ་རང་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་དབུ་ཁྲིད་རེད། ལས་འགུལ་སྐབས་ཟས་བཅད་ངོ་རྒོལ་གནང་མཁན་གཙོ་བོའི་གྲས་ཀྱང་རེད། དྲུག་བཞི་དྲག་གནོན་བྱས་རྗེས་ཨན་ཧྭེ་ཞིང་ཆེན་ན་ཡོད་པའི་གཉེན་ཉེ་ཞིག་གི་ནང་ཉིན་དུ་མའི་རིང་སྦས་སྐུང་བྱས་ཀྱང་། མི་འགྱངས་བར་ཕྱིར་པེ་ཅིན་དུ་སླེབས་པ་རེད། ༡༩༨༩ ལོའི་ཟླ་ ༧ པའི་ཚེས་ ༢ ཉིན་འཛིན་བཟུང་གིས་ལོ་བཞིའི་ཁྲིམས་ཐག་བཅད་པ་རེད། ཡིན་ཡང་ལོ་དུས་མ་ཚང་བའི་སྔོན་ལ་གློད་གྲོལ་ཐོབ་པ་རེད། ལོ་གཉིས་རྗེས་སུ་ཁོའི་འཐབ་གྲོགས་གཞན་པ་ཚོ་གློད་གྲོལ་དང་། དེ་མིན་གྱི་ལས་འགུལ་འགའ་ཤས་ནང་མཉམ་ཞུགས་དང་སྣེ་ཁྲིད་བྱས་རྐྱེན། ཡང་བསྐྱར་འཛིན་བཟུང་གིས་རྒྱལ་ཁབ་གཏོར་བརླག་ལ་བརྒྱུད་སྐུལ་བྱས་པའི་ཉེས་མིང་འོག་ལོ་ ༡༡ གི་ཁྲིམས་ཐག་བཅད་པ་རེད། སྤྱི་ལོ་ ༡༩༩༨ ལོ་ཨ་རིའི་སྲིད་འཛིན་བྷེ་ཁུ་ལིན་ཊོན་རྒྱ་ནག་ལ་ཡོང་སྐབས། ཁོ་སྨན་བཅོས་འོག་གློད་གྲོལ་ཐོབ་པ་རེད། ལོ་མཇུག་དེར་ཁོ་ཨ་རིར་ཡུལ་བྱོལ་དུ་སོང་ནས་ཧ་ཝར་སློབ་གྲྭ་ཆེན་མོའི་ནང་སློབ་གཉེར་བྱས་ཤིང་། དེང་སྐབས་ཐེ་ཝན་གྱི་སློབ་གྲྭ་ཆེན་མོ་ཞིག་ནང་དགེ་རྒན་བྱེད་བཞིན་པ་རེད།

༢༽ ཧུ་ཨར་ཁེ་ཤི། (吾尔开希)ཁོ་པེ་ཅིན་ནས་སྐྱེས་ཤིང་འཚར་ལོངས་བྱུང་བའི་ཡུ་གུར་བ་ཞིག་རེད། ༡༩༨༩ ལོར་པེ་ཅིན་དགེ་ཐོན་སློབ་གྲྭ་ཆེན་མོའི་ལོ་རིམ་དང་པོའི་སློབ་མ་རེད། ལས་འགུལ་སྐབས་སློབ་མའི་མཐུན་ཚོགས་དེའི་དབུ་ཁྲིད་དང་ཟས་བཅད་ངོ་རྒོལ་བྱ་མཁན་གྲས་རེད། སློབ་མའི་འཐུས་ཚབ་དང་གཞུང་གི་དཔོན་རིགས་བར་གྲོས་མོལ་བྱེད་སྐབས། ཁོ་སྲིད་བློན་ལི་ཕིན་གྱི་ཁ་གཏད་ལངས་པ་རེད། དྲུག་བཞི་དྲག་གནོན་བྱས་རྗེས། ཁོ་ཉིན་བཅུའི་རིང་སྦས་སྐུང་དང་བྲོས་བྱོལ་གྱིས་སྐབས་དེར་དབྱིན་ཇིའི་དབང་བསྒྱུར་འོག་ཡོད་པའི་ཧོང་ཀོང་དུ་སླེབས་པ་རེད། དེ་རྗེས་དང་པོ་ཧྥ་རན་སི་དང་རྗེས་སུ་ཨ་རིར་ཡུལ་བྱོལ་དུ་སོང་ནས་ཨ་རིའི་རྡོ་མེ་ནེ་ཁན་གཙུག་ལག་སློབ་ཆེན་ནང་སློབ་སྦྱོང་བྱས་པ་རེད། ད་ལྟ་ཁོ་ཐེ་ཝན་གྱི་དངུལ་ཁང་མ་རྩ་འཛུགས་མཁན་དང་། སློབ་ཕྲུག་༢༡ནང་ནས་ཁོས་དུས་རྒྱུན་འཛེམ་ཟོན་མེད་པར་རྒྱ་གཞུང་ལ་ངོ་རྒོལ་དང་དགག་རྒྱག་བྱས་རྐྱེན། ད་བར་ཐེངས་མང་རིང་གཉེན་འཕྲད་དུ་འགྲོ་རྩིས་བྱས་ནའང་རྒྱ་ནག་གཞུང་གིས་ཡོང་བཅུག་ཡོད་པ་མ་རེད།

༣༽ ལིག་ཀང་། (刘刚)དྲུག་བཞིའི་དོན་རྐྱེན་བྱུང་སྐབས་ལོ་༢༨དང་པེ་ཅིན་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་རེད། ཁོ་སློབ་ཕྲུག་གི་མཐུན་ཚོགས་དེ་གསར་འཛུགས་བྱེད་པར་གྲོས་འགོ་འདོད་མཁན་དང་དེའི་རྒྱུན་ལས་བྱས་པ་རེད། ལས་འགུལ་སྐབས་གནམ་བདེ་སྒོ་མོ་ཆེའི་མདུན་ཐང་གི་བཀོད་འདོམས་པ་གཞོན་པ་བྱས་པ་རེད། དྲག་གནོན་བྱས་རྗེས་ཧུ་པེ་ཞིང་ཆེན་ནས་འཛིན་བཟུང་གིས་ལོ་དྲུག་གི་ཁྲིམས་ཐག་བཅད་པ་རེད། སྤྱི་ལོ་ ༡༩༩༥ ལོར་བཙོན་གྲོལ་ཐོབ་ནའང་དུས་རྒྱུན་དུ་རྒྱ་གཞུང་གིས་སུན་བཙིར་དང་གནོན་ཤུགས་སྤྲད་ནས་ ཨ་རི་ལ་བཙན་བྱོལ་དུ་སོང་ནས་ཁོ་ལོན་བྷེ་ཡ་སློབ་ཆེན་ནང་སློབ་སྦྱོང་བྱས། རྗེས་སུ་དེར་ལས་ཀ་དང་ཞོར་དུ་དྲུག་བཞི་དང་རྒྱ་ནག་དམངས་གཙོ་སྐོར་གྱི་རྩོམ་ཡིག་མོད་པོ་སྤེལ་མྱོང་བ་རེད། ཡིན་ཡང་། སྤྱི་ལོ་ ༢༠༡༡ ལོར་བཟའ་འཐོར་གྱི་གྱོད་དོན་ཞིག་གི་ནང་། ཁོའི་ཆུང་མ་རྒྱ་ནག་གི་གསང་མྱུལ་བ་ཡིན་ཚུལ་ཡོངས་ཁྱབ་བསྒྲགས་པར་བརྟེན། དེ་ནས་བཟུང་ཁོ་རྒྱ་ནག་གི་དམངས་གཙོ་དོན་གཉེར་ཚོ་དང་འབྲེལ་གཏུགས་ཆད་པ་རེད།

༤༽ ཙི་ལིན། (紫令)དྲུག་བཞི་ལས་འགུལ་སྐབས་སྐད་གྲགས་ཆེ་བའི་བུ་མོ་གཅིག་བུ་དེ་རེད། མོ་སྐབས་དེར་པེ་ཅིན་དགེ་ཐོན་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་རེད། ཞིབ་འཇུག་གཙོ་བོ་བྱིས་པའི་སེམས་ཁམས་ཡིན་ས་རེད། ལས་འགུལ་སྐབས་གཙོ་བོ་གནམ་སྡེ་སྒོ་མོ་ཆེ་མདུན་ཐང་གི་སྤྱི་ཁྱབ་བཀོད་འདོམས་པ་དང་ཟས་བཅད་ངོ་རྒོལ་བྱེད་མཁན་གྲས་རེད། དྲུག་བཞི་དྲག་གནོན་བྱས་རྗེས། མོ་དང་མོའི་ཁྱོ་ག་སྔོན་མ་ཧྥུན་ཚོན་ཏིག གྲོགས་པོ་གཅིག་བཅས་ཟླ་བཅུ་ཙམ་ལ་སྦས་སྐུང་བྱས་པ་རེད། རྗེས་སུ་ཧོང་ཀོང་བརྒྱུད་ཧྥ་རན་སིར་སྐྱབས་བཅོལ་དུ་སོང་ཞིང་། ལོ་འགའི་རྗེས་སུ་ཨ་རིར་གནས་སྤོར་བྱས་པ་རེད། གཉེན་ཐོར་བྱས་རྗེས་ཧ་ཝར་སློབ་ཆེན་ནང་ཚོང་ལས་རིག་པར་སློབ་སྦྱོང་དང་། ད་ལྟའི་ཁྱོ་ག་དང་མཉམ་དུ་གཉེན་ཆས་མ་ལག་ཚོང་གཉེར་ཁང་ཞིག་བཙུགས་པ་རེད། ཡེ་ཤུའི་ཆོས་སྒོར་ཞུགས་ཤིང་ཉེ་བའི་ལོ་འགའི་སྔོན་བཟུང་བུ་མོའི་འབོད་སྒྲ་ཞེས་པའི་ཚོགས་པ་ཞིག་གསར་འཛུགས་ཀྱིས་རྒྱ་ནག་གི་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་ལ་དགག་རྒྱག་བྱེད་ཀྱིན་ཡོད་པ་རེད།

༥༽ ཀྲུག་ཧྥུན་སོ། (周锋锁)ངོ་རྒོལ་ལས་འགུལ་སྐབས་ཆིན་ཧྭ་སློབ་ཆེན་གྱི་དངོས་ཁམས་རིག་པའི་ལོ་རིམ་བཞི་བའི་སློབ་མ་དང་། སློབ་ཕྲུག་གི་མཐུན་ཚོགས་དེའི་དབུ་ཁྲིད་རེད། དྲག་གནོན་རྗེས་འཛིན་བཟུང་བཀོད་ཁྱབ་གཏོང་ཉིན་དེར་ཁོའི་སྲིང་མོ་དང་སྲིང་མོའི་ཁྱོ་ཀ་གཉིས་ཀྱིས་རྒྱ་གཞུང་ལ་རྩིས་སྤྲད་ནས་ལོ་གཅིག་བཙོན་འཇུག་བཀག་ཉར་བྱས་པ་རེད། སྤྱི་ལོ་ ༡༩༩༥ ལོར་ཨ་རིར་ཕྱིན་པ་ནས་ཁ་ལེ་ཧྥོར་ཉ་ཡའི་སློབ་ཆེན་ནས་ཞིབ་འཇུག་སློབ་མ་ཐོན་པ་རེད། ཁོ་ནི་<<མི་ཆོས་རིང་ལུགས་གྱི་རྒྱ་ནག>>ཅེས་པའི་ཚོགས་པ་དེ་གསར་དུ་འཛུགས་མཁན་རེད། ཚོགས་པ་དེས་དུས་རྒྱུན་ཁྲིམས་ཀྱི་དབང་བསྒྱུར་དང་མི་སེར་སྤྱི་ཚོགས་རྩལ་དུ་བཏོན་ནས་དྲིལ་བསྒྲགས་བྱེད་ཀྱིན་པ་མ་ཟད། རྒྱ་ནག་གི་ཆབ་སྲིད་བཙོན་པ་དང་བཙོན་ཟུར་ཚོའི་ཆེད་མ་དངུལ་ཆེད་འཛུགས་རོགས་རམ་བྱེད་ཀྱི་ཡོད་པ་རེད།

༦༽ ལིས་ལོ། (李录)དོན་རྐྱེན་བྱུང་སྐབས་ནན་ཅིན་སློབ་ཆེན་གྱི་དཔལ་འབྱོར་རིག་པའི་སློབ་མ་རེད། ཟས་བཅད་བྱེད་མཁན་གྱི་གྲས་རེད། དྲག་གནོན་བྱས་རྗེས་བདུན་ཕྲག་ ༡༠ ལ་སྦས་སྐུང་བྱས་ཤིང་གཞན་གྱི་རོགས་རམ་འོག་བྲོས་མཐར་ཕྱིན་པའི་གྲས་རེད། ཨ་རི་ནས་ཁོ་ལིན་བྷེ་ཡ་སློབ་ཆེན་ནས་སློབ་མཐར་ཕྱིན་པ་རེད། ཁོ་ནི་དྲུག་བཞིའི་སློབ་ཕྲུག་ཕྱི་ལོགས་ན་ཡོད་མཁན་ཚོའི་གྲས་ནས་ཕྱིར་རྒྱ་ནག་ལ་ལོག་འགྲོ་མཁན་གཅིག་བུ་དེ་རེད། ཁོས་<<ཧི་མ་ལ་ཡའི་ཐེབས་རྩ>>གཙོ་འཛིན་ལ་རོགས་རམ་གྱིས་རྒྱ་ནག་ནང་མ་རྩ་འཛུགས་པར་སྣེ་ཁྲིད་དང་། དེང་མི་མང་པོས་ཁོ་ཐེབས་རྩ་དེའི་གཙོ་འཛིན་ཆགས་རྒྱུར་ཚོད་དཔག་བྱེད་ཀྱིན་ཡོད་པ་རེད།

༧༽ ཧྥུན་ཚོན་ཏིག (封从德)༡༩༨༩ ལོར་པེ་ཅིན་སློབ་ཆེན་གྱི་ཟུར་སྦྱོང་སློབ་མ་རེད། ལོ་དེའི་ཟླ་ ༥ ནང་ཨ་རིའི་བྷོ་སི་ཌོན་སློབ་ཆེན་གྱི་འབུམ་རམས་པའི་སློབ་ཡོན་རོགས་དངུལ་ཐོབ་ཡོད་ནའང་དྲུག་བཞིའི་རྐྱེན་པས་འགྲོ་ཐུབ་ཡོད་པ་མ་རེད། དྲུག་བཞི་སྐབས་སློབ་ཕྲུག་མཐུན་ཚོགས་དེའི་གཙོ་འཛིན་ལ་མང་མོས་འོས་ཐོབ་བྱུང་བ་དང་། ལས་འགུལ་སྐབས་གཙོ་བོ་བཀོད་འདོམས་དང་དྲིལ་བསྒྲགས་ལ་ཤུགས་རྒྱག་མཁན་གྲས་རེད། དྲག་གནོན་རྗེས་ཆུང་མ་ཙི་ལིན་དང་ལྷན་དུ་ཧྥ་རན་སིར་བྲོས་བྱོལ་ལ་ཡོང་བ་རེད། གཉེན་འཐོར་རྗེས་སུ་མུ་མཐུད་ནས་ཧྥ་རན་སིར་བསྡད་ནས་འབུམ་རམས་པ་ཐོན་པ་རེད། ཨ་རིའི་ནུའུ་ཡོར་རུ་<<འགྲོ་བ་མིའི་ཐོབ་ཐང་།>>ནང་རྒྱ་ནག་གི་འབྲེལ་མཐུད་པའི་ལས་ཀ་བྱས་པ་དང་། <<གནམ་སྡེ་སྒོ་མོ་ཆེའི་མདུན་ཐང་གི་རྩོད་གླེང་།>>ཞེས་པའི་དཔེ་དེབ་ཀྱང་བཏོན་ཡོད་པ་རེད། དེང་སྐབས་<<དྲུག་བཞིའི་ཡིག་ཚགས།>>ཞེས་པའི་དྲ་རྒྱའི་གཙོ་སྐྱོང་བ་རེད།

དྲུག མཇུག་མཐར་གསལ་བོར་ཞུ་བ།

རྒྱལ་སྤྱིའི་སྟེང་གི་གནས་ཚུལ་ཆེ་ཁག་འདིའི་རིགས་ནི་རྒྱུན་ཤེས་ཀྱི་ཆར་གཏོགས་པས། མགོ་མཇུག་ཚང་བ་རེ་ཤེས་རྟོགས་ཡོང་རྒྱུ་གལ་ཆེན་རེད། རྒྱུ་མཚན་དེར་བརྟེན། བདག་གིས་ནུབ་སྨྱུག་དྲ་ཚོམས་བརྒྱུད་རྒན་ཟླ་བ་ལགས་སུ་འདིའི་སྐོར་ངོ་སྤྲོད་ཀྱི་རེ་བ་ཞིག་བཏོན་པར། ཧ་ཅང་ཞིབ་རྒྱས་ཤིག་ངོ་སྤྲོད་གནང་སོང་བས། གལ་ཆེན་ལ་བརྩིས་ནས་ཟིན་བྲིས་སུ་ཕབ་ཡོད། རྒན་ཟླ་བ་ལགས་ནི། དགེ་རྒན་ཟུར་བ་ཞིག་ཡིན་ལ།  བོད་ཀྱི་དུས་བབ་ཚང་གི་གསར་འགོད་པ་རྒན་པ་ཞིག་ཀྱང་ཡིན། ཁོང་ནི་གང་ལ་དོ་སྣང་བྱུང་བ་དེར་མཐིལ་ཕྱིན་དང་གཟབ་ནན་གྱིས་ཞིབ་འཇུག་བྱ་མཁན་ཞིག་ཡིན། ལྷག་པར་ཧྥ་དབྱིན་རྒྱ་གསུམ་གྱི་ལམ་ནས་གསར་འགྱུར་དང་ཡིག་ཆ་ཁག་ལ་དུས་ནས་དུས་སུ་འཚོལ་ཞིབ་གནང་མཁན་ཞིག་ཡིན་པ་མ་ཟད། ངེད་ཧྥ་ཇག་ཚང་གི་དམག་དཔོན་ཞིག་ཀྱང་ཡིན། ཟིན་བྲིས་ལ་ཕབ་ཚར་བ་དང་ཁོང་གིས་ཁ་གསབ་དང་ཞུས་དག་ཀྱང་བཏང་ཡོད།

ཤེད་བུས་ ༢༠༡༧ ། ༠༦ ། ༡༠ ཉིན།

བསྐྱར་བཅོས།: ༢༠༡༧/༠༦/༡༡

Leave a Reply