ཨ་རིའི་གྲོས་ཚོགས་འཐུས་མི་ལྔ་ཡིས་བཞུགས་སྒར་དྷ་རམ་ས་ལར་གཏམ་བཤད་གནང་།

ཟླ་འདིའི་ཚེས་ ༩ དང་ ༡༠ ཉིན་གཉིས་རིང་། ཨ་རིའི་གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ནེན་སི་པེ་ལོ་སི་མཆོག་གིས་སྣེ་ཁྲིད་འོག ཨ་རིའི་གྲོས་ཚོགས་འཐུས་མི་ ༨ བཞུགས་སྒར་དྷ་རམ་ས་ལར་ཕེབས་པ་དང་། ཚེས་ ༡༠ ཉིན་དྷ་ས་གཙུག་ལག་ཁང་དུ་༧གོང་ས་མཆོག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱིས་ཨ་རིའི་སྐུ་ཚབ་རྣམ་པར་ཆེ་བསྟོད་མཛད་སྒོ་ཚོགས་པའི་སྟེང་གྲོས་ཚོགས་འཐུས་མི་ ༥ ཡིས་གཏམ་བཤད་གནང་བ་ཧྲིལ་བོ་བཀོད་ཡོད།

ཨ་རིའི་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་ཇིམ་སེན་སེན་བྷེར་ནར་(Jim Sensenbrenner)ལགས་ཀྱི་གསུངས་བཤད།

ཐུགས་རྗེ་ཆེ། ༸གོང་ས་ཏཱ་ལའི་བླ་མ་མཆོག སྲིད་སྐྱོང་བློ་བཟང་སེང་གེ་ལགས། དེ་བཞིན། འདིར་འདུས་ཡོད་པའི་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་གྲོགས་པོ་གྲོགས་མོ་རྣམ་པར་ཞུ་རྒྱུར། ངའི་མིང་ལ་ཇིམ་སེན་སེན་ཝ་རན་ནར་ཟེར་བ་དང་། ང་རང་ཝེལ་ཀོ་སིན་ས་གནས་ནས་ཡིན། ངས་ཨ་རིའི་གྲོས་ཚོགས་ནང་ལོ་ ༣༨ རིང་ལས་ཀ་བྱས་མྱོང་བ་རེད། ང་དེ་རིང་འདིར་ཨ་རིའི་སྤྱི་མཐུན་ཆབ་སྲིད་ཚོགས་པ་(Republican)ཡི་སྐུ་ཚབ་ཅིག་ཡིན། ང་ད་རེས་འདིར་ཡོང་ཐུབ་པ་ནི་གཟི་བརྗིད་ཅིག་དང་། སྤོབས་པ་སྐྱེ་གཞི་ཞིག་རེད། ངས་འདིར་ཐག་བཅད་དེ་༸གོང་ས་མཆོག་དང་། འདིར་ཡོད་པའི་མང་ཚོགས། དེ་བཞིན། དེ་རིང་གི་མཛད་སྒོ་འདི་ལ་ལྟ་ཉན་བྱེད་བཞིན་པའི་ས་ཕྱོགས་སོ་སོའི་མི་མང་ཚང་མར་ཞུ་རྒྱུར། ཨ་རིའི་གྲོས་ཚོགས་ནང་གི་ཆབ་སྲིད་ཚོགས་པ་སུ་ཡིན་ཡང་༸གོང་ས་མཆོག་ལ་མོས་མཐུན་མི་བྱེད་མཁན་མེད་ལ། ང་ཚོ་༸གོང་ས་མཆོག་ལ་བརྩེ་བ་དང་གུས་བརྩི་ཆེན་པོ་ཡོད་པ་མ་ཟད། བོད་ཀྱི་གནད་དོན་ལའང་སེམས་འཁུར་དང་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་ལ། རྒྱ་ནག་གཞུང་གིས་ཡུན་རིང་ནས་བཙན་གནོན་དང་གདུག་རྩུབ་བྱེད་བཞིན་པ་དེར་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད།

གལ་སྲིད་ཨ་རིའི་ལོ་རྒྱུས་ལ་བལྟས་པ་ཡིན་ན། ཡུ་རོབ་རྒྱལ་ཁབ་ཁག་གི་མི་མང་པོ་ཨ་རིའི་ནང་གི་རང་དབང་ལ་དགའ་ནས་གནས་སྤོ་བྱས་ཡོད་པ་རེད། ཁོང་ཚོ་སོ་སོའི་རྒྱལ་ཁབ་ནང་ཆོས་དད་རང་དབང་ལ་བཙན་གནོན་བྱས་ཏེ། རང་གི་ཆོས་ལུགས་ལ་རང་གི་འདོད་པ་ལྟར་ཉམས་ལེན་བྱེད་མ་བཅུག་སྟབས། གཞུང་གི་བཙན་གནོན་མེད་ས་ཞིག་ལ་རང་དབང་ཐོག་ཆོས་ལུགས་ཉམས་ལེན་བྱེད་ཆེད་དུ་བྲོས་བྱོལ་དུ་ཡོང་བ་རེད།

གལ་སྲིད་ཁྱེད་ཀྱིས་ཨ་རིའི་མིས་བཟོས་པའི་བཅའ་ཁྲིམས་ལ་བལྟས་ན། བཅའ་ཁྲིམས་ནང་ཆོས་དད་རང་མོས་ལ་གཞུང་དང་གྲོས་ཚོགས་སུས་ཀྱང་བཀག་འགོག་བྱེད་མི་ཆོག་ཅེས་གསལ་པོར་འཁོད་ཡོད་པ་མཐོང་གི་རེད། ང་ཚོའི་ལུང་པས་དེ་འདྲའི་ཁྲིམས་གཏན་འབེབས་བྱས་ནས་ལོ་ངོ་ ༢༢༠ ལྷག་ཕྱིན་ཡོད་པ་རེད་ལ། དེ་ནི་ད་ལྟ་ད་དུང་ང་ཚོས་ལག་ལེན་བསྟར་དང་བསྟར་བཞིན་པའི་ཁྲིམས་ལུགས་ཤིག་ཆགས་ཡོད། མི་སུ་ཞིག་གི་ཆོས་དད་རང་མོས་ལ་རྒྱལ་ཁབ་སུ་ཞིག་གིས་བཙན་གནོན་བྱས་ཏེ་གྱོང་ཕོག་གི་ཡོད་ན། ཨ་རིའི་ཁྲིམས་ལུགས་ནང་མི་དེ་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་ཀྱིན་ཡོད། ང་རང་གི་ཉམས་མྱོང་ཐོག་ནས་བཤད་ནའང་ངའི་མི་ཚེའི་ནང་གི་ལས་ཀའི་བརྒྱུད་རིམ་ཕྱེད་ཀ་ལྷག་ཁྲིམས་ཀྱི་དྲང་བདེན་དང་འབྲེལ་ཡོད་ཐོག་ལ་བྱས་པ་རེད། ངས་གང་ལ་ཁྲིམས་ཀྱི་དྲང་བདེན་མེད་ན། དེ་ལ་རང་དབང་མེད་པ་གསལ་བོར་རྟོགས་སོང་།

དེ་རིང་བོད་ནང་ལ་ཁྲིམས་ཀྱི་དྲང་བདེན་མི་འདུག ཁྲིམས་ཀྱི་ངོས་ནས་བོད་མི་དང་བོད་ཀྱི་སྐད་ཡིག བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན། ༸གོང་ས་མཆོག་ལ་དྲང་བདེན་བྱེད་ཀྱི་མི་འདུག ངས་གོང་དུ་བརྗོད་པའི་གནད་དོན་དེ་ཐོག་དྲང་བདེན་ཡོད་ན་བོད་ལ་རང་དབང་ཐོབ་ཀྱི་ཡོད། གནད་དོན་དེ་དག་ལ་ང་ཚོ་དང་ཨ་རིའི་གྲོས་ཚོགས་ངོས་ནས་འབད་བརྩོན་བྱེད་བཞིན་ཡོད། དེར་བརྟེན། ཨ་རིའི་གཞུང་ནས་བོད་ཀྱི་རིག་གཞུང་། སྐད་ཡིག་དང་ཆོས་ལུགས་སོགས་སྲུང་སྐྱོབ་ཆེད་འདི་ག་དྷ་རམ་ས་ལར་དངུལ་སྤྲད་དེ་རྒྱབ་སྐྱོར་དང་རོགས་རམ་བྱེད་པར་གོམ་པ་མདུན་སྤོ་བྱེད་བཞིན་ཡོད་ལ། འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་བོད་མི་ཚོ་ལའང་དེ་ལྟར་རོགས་རམ་བྱེད་ཀྱིན་ཡོད། དེ་ནི་རྒྱ་གཞུང་གི་ངོས་ནས་དུས་ནམ་ཡང་མཚམས་འཇོག་བྱེད་དུ་འཇུག་མ་ཐུབ་པའི་ཨ་རིའི་རྒྱབ་སྐྱོར་ཞིག་རེད་ལ། བོད་ལ་ཁྲིམས་ཐོག་གི་དྲང་བདེན་དང་རང་དབང་མ་ཐོབ་བར་དུ་ཨ་རི་གཏན་དུ་བོད་དོན་གྱི་རྒྱབ་རྩར་ལངས་ཀྱི་རེད། དེ་ནི་མི་ཞིག་གི་ཐོབ་ཐང་གནད་དོན་ལ་ཐུག་ཡོད་པ་མ་ཟད། དེ་ནི་རྒྱ་ནག་གིས་བོད་ལ་དྲག་པོའི་བཙན་གནོན་བྱེད་བཞིན་པའི་གནད་དོན་ལ་ཐུག་ཡོད། གནད་དོན་དེས་མི་མང་གི་གནས་སྟངས་སྟོན་གྱི་ཡོད་ལ། དེས་མི་མང་གི་འདོད་འདུན་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། མི་མང་གི་འདོད་འདུན་བསྐོང་བའི་ནུས་སྟོབས་འཕེལ་ཐབས་སྐོར་༸གོང་ས་མཆོག་གི་སྐུ་ཚེ་ཧྲིལ་པོར་ལམ་སྟོན་གནང་བ་རེད། གལ་ཏེ་དེ་ཉམས་སུ་བླང་ན་སྤྱི་ཚོགས་ཡོངས་རྫོགས་ཡར་རྒྱས་འགྲོ་གི་རེད།

༸གོང་ས་མཆོག་ལ་ཞུ་རྒྱུར། དེ་རིང་ང་འདིར་བཅར་ཐུབ་པ་ནི་ངའི་གཟི་བརྗིད་ཅིག་ཡིན་བསམ་གྱི་ཡོད་ལ། ༸གོང་ས་མཆོག་གི་དྲུང་ནས་སྐད་ཆ་འདི་འདྲ་བཤད་པའི་གོ་སྐབས་བྱུང་བ་ནི་ངའི་སྤོབས་པ་ཞིག་རེད། ༸གོང་ས་མཆོག་ནི་བོད་མི་གཅིག་པུའི་སེམས་ཤུགས་འཕར་ས་ཙམ་མིན་པར། ཁོང་ནི་འཛམ་གླིང་མི་མང་ཡོངས་ཀྱི་སེམས་ཤུགས་སྐྱེ་ས་ཤིག་རེད། མི་མང་གི་དགའ་མོས་བྱེད་ས་དང་སྙན་གྲགས་ཅན་གྱི་མི་ཁོང་ལྟ་བུ་ཞིག་འཛམ་གླིང་འདིར་རྙེད་དཀའ་མོ་རེད། ངས་འདིར་ཁོང་ཆབ་སྲིད་ཀྱི་དབུ་ཁྲིད་ཅིག་རེད་ཟེར་གྱི་མེད། ངས་འདིར་མི་མང་གི་དགའ་མོས་བྱེད་ས་ལ་ཟེར་གྱི་ཡོད། ༸གོང་ས་མཆོག་ནི་འཇིག་རྟེན་ཡོངས་ཀྱིས་དགའ་བོ་བྱེད་ས་དང་གུས་བརྩི་ཞུ་ས་ཞིག་རེད།

ངས་མཇུག་མཐར་༸གོང་ས་མཆོག་ལ་ཞུ་རྒྱུར། ང་ཚོ་ཨ་རིའི་གྲོས་ཚོགས་ནི་ཁྱེད་ཀྱི་མཉམ་དུ་ཡོད་ལ། ཁྱེད་ཚོ་ཚང་མའི་མཉམ་དུ་ཡོད། དེར་བརྟེན། ཁྱེད་རྣམ་པས་རང་གི་མངོན་འདོད་བསྒྲུབ་ཐུབ་པ་དང་། ཁྱེད་རྣམ་པ་ཕྱིར་བོད་དུ་ལོག་ཐུབ་ནས་རང་གི་ཆོས་ལུགས་ཉམས་སུ་ལེན་པ་དང་། རང་གི་སྐད་ཡིག་རིག་གཞུང་མི་ཉམས་རྒྱུན་འཛིན་དང་། རང་གི་ཕྲུ་གུར་ཤེས་ཡོན་སྤྲོད་ཐུབ་པའི་སྨོན་ལམ་ཡོད། དེ་བཞིན། ཁྱེད་རྣམ་པས་བརྗེད་མི་རུང་བ་ནི་དྲང་བདེན་ཡིན། དྲང་བདེན་ལ་བརྟེན་ནས་རང་དབང་ཐོབ་ཀྱི་ཡོད། ཐུགས་རྗེ་ཆེ།

ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་(Jim McGovern)ལགས་ཀྱི་གཏམ་བཤད།

ལྕམ་ནཱན་སི་པེ་ལོ་སི་ལགས་དང་། ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཞབས་སེན་ཝེ་རན་ནར། དེ་བཞིན། འདིར་ཆེད་ཕེབས་ངའི་རོགས་པ་སྐུ་ཚབ་འཐུས་མི་ཚང་མར་ཁྱེད་རྣམ་པའི་ལྷད་མེད་སྙིང་སྟོབས་ཅན་གྱི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་ཕྱག་ལས་གནང་ཕྱོགས་དེར་ཐུགས་རྗེ་ཆེ་ཞུ་བ་དང་། ང་རང་ཡང་ཐེངས་འདིར་སྐུ་ཚབ་འཐུས་མིའི་ཆ་ཤས་ཤིག་ཡིན་པར་སྤོབས་པ་སྐྱེ་བཞིན་འདུག བོད་མི་ཚོར་ཞུ་རྒྱུར། ཁྱེད་རྣམ་པས་འཇིག་རྟེན་ལ་ལེགས་སྐྱེས་ཕུལ་བ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ༸གོང་ས་མཆོག་འཇིག་རྟེན་འདིར་སྐུ་འཁྲུངས་པ་དེ་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཀྱིས་ང་ཚོར་མི་བཟང་པོ་ཇི་ལྟར་བྱེད་དགོས་པའི་བསླབ་བྱ་གནང་བྱུང་། ང་ཚོས་ཁྱེད་ཀྱིས་དབུ་ཁྲིད་གནང་ཕྱོགས་དང་། ཞི་བདེ། དྲང་བདེན་ཐོག་ཕྱག་ལས་གནང་ཕྱོགས་སོགས་ལ་བསྟོད་བསྔགས་ཞུ་བཞིན་ཡོད་ལ། ཁྱེད་ཀྱིས་མགྱོགས་མྱུར་ངང་འགྱུར་བ་འགྲོ་བཞིན་པའི་གོ་ལའི་ཚ་དྲོད་ལ་བརྟེན་ཏེ་འཛམ་གླིང་ལ་དཀའ་ངལ་འཕྲད་བཞིན་པའི་གནས་སྟངས་འོག རྩ་ཆེ་བའི་ཁོར་ཡུག་སྲུང་སྐྱོབ་ལ་དབུ་ཁྲིད་གནང་བཞིན་པ་དེར་རྗེས་སུ་ཡི་རངས་ཞུ་བཞིན་ཡོད། ང་ཚོ་ཐེངས་འདིར་དྷ་རམ་ས་ལར་ཡོང་བའི་རྒྱུ་མཚན་ནི། ང་ཚོ་ཁྱེད་ལ་ཡིད་ཆེས་ཡོད་པ་དང་། ཁྱེད་དང་མཉམ་དུ་ལངས་ནས་ཡོད་པ། དེ་བཞིན། ང་ཚོ་སྲིད་སྐྱོང་བློ་བཟང་སེང་གེ་དང་བོད་མི་ཚང་མའི་མཉམ་དུ་ལངས་ནས་ཡོད་པ་སྟོན་གྱི་ཡོད།

དབུ་མའི་ལམ་གྱི་ཐོག་ནས་བོད་ཀྱི་བདེན་དོན་མགྱོགས་མྱུར་ངང་གསལ་ཞིང་། བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་ཐོབ་སྟེ། ༸གོང་ས་མཆོག་དང་བོད་མི་ཚང་མ་རང་ཡུལ་བོད་དུ་ལོག་ཅིང་། སོ་སོའི་རིག་གཞུང་དང་གོམས་སྲོལ་སོགས་ལོངས་སུ་སྤྱོད་པ། སྐད་ཡིག་ཉམས་པ་སླར་གསོ་དང་། ཆོས་ལུགས་ཉམས་ལེན་བྱེད་པའི་ཉི་མ་ཞིག་མ་ཤར་བར་དུ་ང་ཚོས་བོད་དོན་ཐོག་ལས་ཀ་བྱེད་རྒྱུའི་དམ་བཅའ་འཇོག་བཞིན་ཡོད།

རྒྱ་ནག་གིས་ལོ་མང་རིང་བོད་ལ་བཙན་གནོན་བྱས་པ་དེས་བོད་ཀྱི་མངོན་འདོད་མེད་པ་བཟོ་ཐུབ་མེད་པ་ཤེས་དགོས་ལ། ༸གོང་ས་མཆོག་དང་ཁོང་གི་ལྟ་གྲུབ་ལ་བོད་མི་དང་འཛམ་གླིང་མི་མང་གིས་དགའ་མོས་བྱེད་བཞིན་པའི་བསམ་བློར་བསྒྱུར་མ་ཐུབ་དེའང་རྒྱ་ནག་གཞུང་གིས་གསལ་བོར་རྟོགས་དགོས།

ཁོང་གི་ལྟ་གྲུབ་ནི་བརྩེ་བ་དང་དྲང་བདེན་རེད། འདི་དག་ལྷན་དུ་འཛོམས་པའི་སྟོབས་ཤུགས་ནི་བཙན་གནོན་དང་དྲག་སྤྱོད་ལས་ཀྱང་ཤུགས་ཆེ་སྟབས། ངས་རྒྱ་ནག་གཞུང་ལ་བོད་པའི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་བྱེད་དགོས་པ་དང་། ཡུན་རིང་བཙོན་དུ་བཅུག་པའི་ཆབ་སྲིད་བཙོན་པ་༸པཎ་ཆེན་རིན་པོ་ཆེ་མཆོག་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གང་མྱུར་ཀློད་གྲོལ་གཏོང་རོགས་ཞུ་བཞིན་ཡོད། རྒྱ་ནག་གཞུང་ལ་བོད་པའི་ཆོས་ཀྱི་དབུ་ཁྲིད་ཀྱི་ཡང་སྲིད་ངོས་འཛིན་བྱེད་པའི་ཐོབ་ཐང་དང་དབང་ཆ་མེད།

ཉེ་ཆར་ང་ཚོ་བལ་ཡུལ་ནང་སྐོར་སྐྱོད་དུ་ཕྱིན་མ་ཐག་ཡིན། ང་ཚོས་བལ་ཡུལ་གཞུང་ལ་རྒྱ་ནག་གི་བཙན་གནོན་མ་བཟོད་པར་བོད་ནས་བྲོས་བྱོལ་དུ་ཡོང་མཁན་བོད་མི་ཚོར་མིང་ཐོ་བཟོས་ཏེ། ཁྲིམས་མཐུན་ཡིག་ཆ་སྤྲད་དེ་ལས་ཀ་དང་ས་ཆ་གང་དུ་སྐྱོད་ཀྱང་འགག་བྱ་མེད་པའི་རོགས་སྐྱོར་གནང་རོགས་ཞུས་ཡོད།

ངས་ང་རང་ཨ་རིའི་སྐུ་ཚབ་ཅིག་ཡིན་པའི་ཆ་ནས་རང་གི་གཞུང་ལ་བོད་ཀྱི་གནད་དོན་དེ་སྔར་ལས་གལ་ཆེན་དུ་བརྩི་རོགས་ཞུ་བཞིན་ཡོད། གཞུང་འབྲེལ་ཐོག་ནས་༸གོང་ས་མཆོག་དང་སྲིད་སྐྱོང་བློ་བཟང་སེང་གེ་ལ་ཐུག་འཕྲད་གནང་རོགས་ཞུ་བཞིན་ཡོད། བོད་ཀྱི་གནད་དོན་ཡོངས་ལ་གླེང་སློང་ཡོང་ཆེད་ཨ་རིའི་གཞུང་གིས་རྒྱ་ནག་གཞུང་ལ་བོད་དང་ཞི་བའི་གྲོས་མོལ་མགོ་འཛུགས་ཡོང་བར་ཤུགས་བསྐྱོན་རོགས་ཞུ་རྒྱུ་ཡིན།

འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་ཀྱི་གྲོགས་པོ་ཚོར་ཞུ་རྒྱུར། སོ་སོའི་གཞུང་གིས་བོད་དོན་ལ་རྒྱབ་སྐྱོར་ཡོད་མེད་གང་ལྟར་ཡང་། སྒེར་པ་སོ་སོ་མཉམ་དུ་བསྡེབས་ནས་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་རོགས་ཞུ་བཞིན་ཡོད། ང་ཚོས་བོད་དོན་ཐོག་ལས་ཀ་མང་པོ་བྱེད་དགོས།

ལོ་རྒྱུས་ཀྱི་སློབ་དཔོན་ཆེ་མོ་ཞིག་གིས་འཛམ་གླིང་འདི་འཛམ་གླིང་གི་ང་རོ་དང་མཚུངས་པའི་དབྱངས་སྙན་ཞིག་གིས་ཇེ་ཡག་ཏུ་གཏོང་ཐུབ་ཅེས་བརྗོད་པ་དེ་ཧ་ཅང་བདེན་པ་རེད། འཛམ་གླིང་སྟེང་གི་བསམ་ཚུལ་མཐུན་པའི་མི་རྣམས་ཕྱོགས་གཅིག་ཏུ་འདུས་ཏེ། ཞི་བདེ་དང་དྲང་བདེན་གྱི་ཐོག་ལ་ཆེད་དུ་ཕྱག་ལས་མཉམ་རུབ་ཀྱིས་གནང་དགོས་ཀྱི་འདུག ང་ཚོ་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་རྗེས་སུ་འབྲངས་ནས་རྒྱལ་ཁ་ཐོབ་པར་བྱེད་དགོས། ང་ཚོ་སྲིད་སྐྱོང་བློ་བཟང་སེང་གེའི་རྗེས་སུ་འབྲངས་ཏེ་རྒྱལ་ཁ་ལེན་དགོས། ང་ཚོ་བོད་མི་ཚང་མའི་རྗེས་སུ་འབྲངས་ནས་རྒྱལ་ཁ་ལེན་དགོས། དེ་བཞིན། འཛམ་གླིང་ས་ཕྱོགས་གང་ས་ནས་རྒྱལ་ཁ་ལེན་དགོས་ལ། དམིགས་བསལ་གྱིས་བོད་ནང་ནས་རྒྱལ་ཁ་ལེན་དགོས།

མཐའ་མཇུག བོད་མི་ཚོས་ད་བར་སྡུག་བསྔལ་ག་ཚོད་མྱངས་ཡོད་ཀྱང་། ངས་དེ་དག་མ་འོངས་པའི་རེ་བ་ཞིག་ལ་མཐོང་གི་འདུག ངས་གནས་ཚུལ་ཡག་པོ་ཞིག་འོང་བར་ཡིད་ཆེས་བྱེད་ཀྱིན་ཡོད། གནས་ཚུལ་ཡག་པོ་གང་སར་ཁྱབ་པའི་ཡིད་ཆེས་བྱེད་ཀྱིན་ཡོད། མ་འོངས་པ་ནི་འོད་སྟོང་ལྡན་པ་ཞིག་ཆགས་ངེས་རེད། ང་ཁྱེད་ཚོ་དང་མཉམ་དུ་ཡོད།

ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨི་ལོ་ཡི་ཊི་ཨེན་ཇེལ་(Eliot Engel)ལགས་ཀྱི་གཏམ་བཤད།

བཀྲ་ཤིས་བདེ་ལེགས། ང་དེ་རིང་འདིར་གྲོགས་པོ་བཟང་པོ་དག་དང་མཉམ་དུ་བསླེབས་ཐུབ་པར་ཧ་ཅང་དགའ་བོ་བྱུང་སོང་། བོད་མི་མང་པོའི་ཁྲོད་བསླེབས་པར་ཧ་ཅང་དགའ་བོ་བྱུང་བ་མ་ཟད། ཁ་སང་མཛེས་པའི་བོད་ཕྲུག་ཚོ་མཐོང་བ་དང་ཁོང་ཚོའི་མཉམ་དུ་རྩེད་མོ་བརྩེས་བ། སྐད་ཆ་བཤད་པ་སོགས་བྱས་ནས་ཧ་ཅང་དགའ་བོ་བྱུང་། ཁོང་ཚོས་དངོས་གནས་དབྱིན་སྐད་ཡག་པོ་བཤད་ཤེས་ཀྱི་འདུག དེ་བཞིན་དུ་དེ་རིང་ཁྱེད་ཚོ་ཚང་མ་མཐོང་སྐབས་ཧ་ཅང་དགའ་སྣང་བྱུང་། དེར་བརྟེན། ངས་དབུ་ཁྲིད་ནན་སི་པེ་ལོ་སི་ལགས་ཀྱིས་ང་རང་ཁོང་མོའི་མཉམ་དུ་འདིར་ཁྲིད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་དུང་། ངས་༸གོང་ས་མཆོག་ལ་ལོ་མང་རིང་ང་ཚོར་སེམས་ཤུགས་སྤར་བར་ཐུགས་རྗེ་ཞུ་རྒྱུ་ཡིན།

ངས་ཁ་སང་༸གོང་ས་མཆོག་ལ་ཁོང་སྔོན་མ་ལོ་ངོ་ ༢༠ སྔོན་ལ་ཝ་ཤིན་ཊོན་དུ་ཕེབས་སྐབས་ངེད་གཉིས་པར་བརྒྱབ་པའི་སྐོར་བཤད་པ་ཡིན། དེ་ནས་ཟླ་བ་དྲུག་གི་རྗེས་སུ་ངེད་གཉིས་སླར་ཡང་པར་ཞིག་བརྒྱབ་པ་རེད། ད་ལྟ་པར་དེ་དག་ལ་ལྟ་སྐབས་ཁོང་འགྱུར་མེད་སྔར་ལྟར་རང་འཇགས་རེད་འདུག འོན་ཀྱང་། ངའི་རྣམ་པ་ནས་ང་རང་ལོ་ཉི་ཤུས་བརྒས་ཡོད་པ་མཐོང་གི་འདུག

ངས་ཨ་རིའི་མི་མང་གི་འཚམས་འདྲི་ཁྱེར་ནས་བསླེབས་ཡོད། ང་ཚོས་མི་ཚང་མར་རང་དབང་དང་དམངས་གཙོ་དགོས་ཀྱི་ཡོད་པར་ཡིད་ཆེས་བྱེད་ཀྱིན་ཡོད་ལ། དམིགས་བསལ་གྱི་བོད་མི་རྣམས་ལ་དེ་དག་དགོས་མཁོ་ཆེན་པོ་ཆགས་ཡོད།

ང་རང་ནེའུ་ཡོག་གྲོང་འཁྱེར་ནས་ཡོང་བ་ཡིན། ངའི་ལུང་པའི་མཚོ་ཁར་ང་ཚོའི་རང་དབང་གི་སྐུ་འདྲ་ཞིག་བཞེངས་ཡོད། དེས་གང་མཚོན་གྱི་ཡོད་ཟེར་ན། རང་དབང་དང་། གོ་སྐབས་ཡོད་ཚད། དེ་བཞིན། ཨ་རིའི་མི་ཞིག་ཡིན་ན་སྤོབས་པ་དགོས་པ་སོགས་མཚོན་གྱི་ཡོད། ང་ཚོས་བོད་མི་རྣམས་ཀྱིས་ཀྱང་དེ་འདྲ་བའི་རང་དབང་ལ་རེ་སྒུག་བྱེད་བཞིན་ཡོད་པ་ཚོར་ཐུབ་ཀྱི་འདུག ངས་གང་བཤད་འདོད་ཡོད་ཟེར་ན། ང་ཚོས་བོད་ཀྱི་བདེན་མཐའ་མ་གསལ་བར་དུ་བོད་དོན་སྐོར་ལ་ལས་ཀ་བྱ་རྒྱུ་མཚམས་འཇོག་རྒྱུ་མིན་ཞེས་ཞུ་རྒྱུ་ཡིན།

ངས་རྒྱ་ནག་པེ་ཅིན་གཞུང་ལ་བརྡ་ལན་ཞིག་སྤྲོད་འདོད་ཡོད། དེ་ནི་གོ་བདེ་བོ་ཞིག་རེད། ‘རྒྱ་ནག་བོད་ནས་ཕར་རྒྱུགས། བོད་ཀྱི་ལས་དབང་བོད་མིའི་ལག་ཏུ་ཞོག མ་འོངས་བོད་མིས་གང་བྱེད་འདོད་པ་བོད་མིའི་རང་གིས་ཐག་གཅོད་བྱེད་དུ་ཆུག’ ཅེས་བརྗོད་འདོད་བྱུང་སོང་།

དམངས་གཙོའི་ལམ་ལུགས་ནང་རང་ཐག་རང་གཅོད་ནི་གལ་ཆེ་ཤོས་ཤིག་ལ་བརྩི་བཞིན་ཡོད། ཚོགས་པ་ཞིག་གིས་ཚོགས་པ་ཞིག་ལ་རང་གི་མངོན་འདོད་བཙན་པོ་དབང་ཡོད་ཀྱིས་ངོས་ལེན་བྱེད་དུ་འཇུག་ཆོག་གི་མེད། རྒྱ་ནག་གིས་བཙན་གནོན་བྱེད་ཀྱི་ཡོད་པ་མཐོང་གི་འདུག འོན་ཀྱང་། བོད་མིར་རང་དབང་དང་གོ་སྐབས་མཐོང་གི་འདུག དེར་བརྟེན། ངས་༸གོང་ས་མཆོག་དང་ཁྱེད་རྣམ་པར་ཞུ་རྒྱུར། ང་རང་༸གོང་ས་མཆོག་གི་མཉམ་དུ་སྡོད་རྒྱུ་བྱུང་བ་ནི་དངོས་གནས་གཟི་བརྗིད་ཅིག་རེད། ཁོང་ནི་དངོས་གནས་མི་ཡིད་དབང་འཕྲོག་པ་ཞིག་རེད། སླར་ཡང་ཁྱེད་རྣམ་པར་ཞུ་རྒྱུར། ཨ་རིའི་མི་རྣམས་ཀྱིས་ཁྱེད་ཚོ་དུས་ནམ་ཡང་བརྗེད་མི་སྲིད་པ་དང་། ཁྱེད་ཚོས་རྒྱ་ནག་ལ་འཐབ་རྩོད་བྱེད་སྐབས་ཨ་རིའི་མི་མང་ཡང་ཁྱེད་ཚོའི་མཉམ་དུ་ཡོང་གི་རེད།

ང་ཚོ་ཝ་ཤིན་ཊོན་དུ་ལོག་རྗེས་ཨ་རིའི་གྲོས་ཚོགས་ནང་ང་ཚོར་བྱུང་བའི་ཉམས་མྱོང་རྣམས་བཤད་རྒྱུ་ཡིན། ཨ་རིའི་མི་མང་རྣམས་ཀྱིས་བོད་མི་དང་བོད་ཀྱི་གནད་དོན་ཐད་ཁ་ཡོད་ལག་ཡོད་ཀྱི་རོགས་སྐྱོར་ཡོང་བའི་རེ་བ་ཡོད། དཀོན་མཆོག་གིས་ཐུགས་རྗེས་གཟིགས་པར་ཤོག ༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།

ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་པར་མི་ལཇ་ཡ་པཱལ་(Pramila Jayapal)ལགས་ཀྱི་གཏམ་བཤད།

བཀྲ་ཤིས་བདེ་ལེགས། ངའི་མིང་ལ་པྲ་མི་ལ་ཇའེ་པཱལ་ཟེར་གྱི་ཡོད། ང་ནི་ཝ་ཤིན་ཊོན་གྱི་ས་གནས་སི་འེ་ཊལ་གྱི་ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཡིན། ཡིད་དུ་འོང་བའི་ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་དང་མཉམ་དུ་དེ་རིང་འདིར་བོད་པའི་སྤུན་ཟླ་ཚོ་དང་༸གོང་ས་མཆོག་གི་མཉམ་དུ་སྡོད་རྒྱུ་བྱུང་བ་ནི་ངའི་གཟི་བརྗིད་ཡིན། ཁོང་གི་དྲུང་དུ་སྡོད་རྒྱུ་ག་རེ་བྱས་ནས་གཟི་བརྗིད་རེད་ཟེར་ན། ཁོང་ནི་འཛམ་གླིང་གི་མི་ཚང་མའི་རེ་བ་དང་སྙིང་སྟོབས་ཡིད་ཆེས་སོགས་ཡིན། ཁོང་ནི་བོད་མི་ཙམ་མ་ཡིན་པར་སྡུག་བསྔལ་ལས་ཐར་བར་འདོད་པའི་འཛམ་གླིང་གི་མི་ཚང་མའི་དྲང་བདེན་དང་ཞི་བདེ། རང་དབང་སོགས་ཀྱི་ལམ་སྟོན་པ་ཡིན།

ཐེངས་འདིར་ང་ཚོ་བལ་ཡུལ་དང་རྒྱ་གར་ནང་སྐོར་སྐྱོད་བྱས་པ་དེ་ང་ལ་མཚོན་ན་ཧ་ཅང་གལ་ཆེན་ཞིག་ཆགས་ཡོད། གང་ཡིན་ཟེར་ན། ང་ནི་རྒྱ་གར་ནང་སྐྱེས་པ་ཞིག་ཡིན། ང་རང་བོད་མི་ཚོ་དང་ཁོར་ཡུག་གཅིག་ཏུ་འཚོ་གནས་བྱས་མྱོང་བ་ནི་སྤོབས་པ་སྐྱེ་འོས་པ་ཞིག་རེད། ང་རང་ཅཱན་ན་ཡེ་(Chennai)ལ་སྐྱེས་ཤིང་། ངའི་ཕ་མ་གཉིས་ནི་ཀེ་ར་ལ་(Kerala)ནས་ཡིན་ཡང་རྗེས་ལ་བྷང་ལོར་(Bangalore)གྲོང་འཁྱེར་དུ་བསྡད་པ་རེད།

ཨ་ཊར་མངའ་སྡེ་(Uttar Pradesh)ནང་བོད་མིའི་གཞིས་ཆགས་ཆེན་པོ་ཞིག་ཡོད། ང་ད་ལྟ་ང་རང་སྐྱེས་སའི་རྒྱལ་ཁབ་རྒྱ་གར་ལ་སྤོབས་པ་ཆེན་པོ་སྐྱེ་བཞིན་འདུག རྒྱ་གར་གྱིས་བོད་མི་ཚོར་གནས་ཚང་གཡར་ཡོད་པ་དང་། ཞི་བདེ་ལྷིང་འཇགས་ངང་བཙན་བྱོལ་དུ་བོད་མིའི་ཚབ་མཚོན་གཞུང་ཞིག་འཛུགས་བཅུག་ཡོད་པ་རེད།

ང་ཚོས་བོད་མི་ཚོར་ས་ཆ་སྤྲད་དེ་སྡོད་དུ་བཅུག་པ་ཙམ་རེད། འོན་ཀྱང་བོད་མི་ཚོས་ང་ཚོར་ལག་རྟགས་སྤྲད་ཡོད། དེ་ནི་བོད་མིའི་སྐད་ཡིག་རིག་གཞུང་དང་། སྒྱུ་རྩལ། ཡིད་ཆེས་སོགས་ཀྱི་ལག་རྟགས་རྩ་ཆེན་ཞིག་ཡིན་སྟབས། ཁྱེད་རྣམ་པ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན།

ང་རང་ལོ་ ༡༦ ཟིན་སྐབས་ཨ་རི་ལ་ཕྱིན་པ་ཡིན། ད་ལྟ་ལོ་ངོ་ ༣༥ ཡི་རྗེས་སུ་ཨ་རིའི་གྲོས་ཚོགས་ཀྱི་བུད་མེད་ཅིག་གི་ངོས་ནས་ཡོང་གི་ཡོད། ང་ནི་ཨ་རིའི་གྲོས་ཚོགས་ནང་གི་ལྷོ་ཨེ་ཤ་ཡའི་བུད་མེད་ཨ་རིའི་མི་སེར་ཡིན་པའི་གྲོས་ཚོགས་འཐུས་མི་དང་པོ་དེ་ཆགས་ཡོད། དེ་ནི་ང་རང་གི་གཟི་བརྗིད་རེད་ལ། ང་ཨ་རིའི་མི་སེར་ཡིན་པར་བློ་སྤོབས་ཀྱང་སྐྱེ་བཞིན་འདུག

ང་ཨ་རིའི་ཆེས་མཐོའི་སྐུ་ཚབ་ཀྱི་ངོ་བོའི་ཐོག་ནས་བོད་མིར་རྒྱབ་སྐྱོར་བྱེད་པར་ཡར་ལངས་ཡོད། དེ་ནི་རང་དབང་དང་དྲང་བདེན། འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་ཡར་ལངས་པ་མཚོན་གྱི་ཡོད། ང་ཚོས་རང་གི་རྒྱལ་ཁབ་ཀྱི་དབང་ཤུགས་བེད་སྤྱོད་བྱས་ཏེ་བོད་མིའི་རང་དབང་དང་བོད་མི་ཚོ་བོད་དུ་ལོག་ཐུབ་པར་འཐབ་རྩོད་བྱེད་ཀྱིན་ཡོད་ལ། དེ་ནི་རིག་གཞུང་དང་ཆོས་ལུགས་ཞི་བདེའི་ངང་ཉམས་ལེན་བྱེད་ཐུབ་པའི་ཆེད་དུ་འཐབ་རྩོད་བྱེད་པའང་ཡིན།

དེ་རིང་ནི་ཚེས་ ༡༥ སྟེ་ཉིན་མོ་ཁྱད་པར་ཅན་ཞིག་རེད། ཉིན་འདིར་སྟོན་པ་བཅོམ་ལྡན་འདས་སངས་རྒྱས་པ་རེད། ཉིན་མོ་འདི་དང་བསྟུན་ཏེ་ངས་ཁྱོད་ཚོའི་བློ་སྤོབས་དང་གཏོང་ཕོད། ཁྱོད་ཚོའི་ལྟ་ཕྱོགས་དང་འདུན་པ་སོགས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

ཁ་སང་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ང་ཚོར། གནས་སྐབས་རིང་དཔལ་འབྱོར་དང་དབང་ཤུགས་ཀྱི་ནུས་པར་རྒྱལ་ཁ་ཐོབ་སྲིད་ཀྱང་། མཐའ་མར་གང་སར་བདེན་པ་ཁྱབ་སྟེ་བདེན་པར་རྒྱལ་ཁ་ཐོབ་ངེས་རེད་གསུངས་སོང་། དེར་བརྟེན། དེ་རིང་གི་ཉིན་མོ་ཁྱད་པར་ཅན་འདིར་ངས་བོད་མི་དང་རྒྱ་མི། ཨ་རིའི་མི་མང་། དེ་བཞིན། འཛམ་གླིང་མི་མང་ལ་ང་ཚོས་བརྩོན་འགྲུས་ཆེན་པོའི་ངང་འབད་བརྩོན་བྱས་ཏེ། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྨོན་ལམ་འདེབས་བཞིན་ཡོད།

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་དང་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་སྐུ་ནེན་སི་པེ་ལོ་སི་(Nancy Pelosi)མཆོག་གི་གཏམ་བཤད།  

ཁྱེད་ཚོ་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ། དུས་ཚོད་དང་ས་ཆ་གང་ཞིག་ཏུ་ཡིན་ཡང་༸གོང་ས་ཏཱ་ལའི་བླ་མ་མཆོག་དབུ་བཞུགས་གནང་ཡོད་སར་ང་རང་མཉམ་ཞུགས་བྱེད་ཐུབ་ན། དེ་ནི་ངས་དུས་ཚིགས་དམིགས་བསལ་བ་ཞིག་ཏུ་མཐོང་གི་ཡོད། དེ་རིང་ཡང་ང་རང་འདིར་ཞུགས་ཐུབ་པ་བྱུང་བ་ནི་ཧ་ཅང་གཟི་བརྗིད་ཆེན་པོ་ཞིག་རེད་བསམ་གྱི་འདུག དེ་རིང་ངས་ཨ་རིའི་ཕྱོགས་གང་ས་ནས་སྐུ་ཚབ་ཁྲིད་དེ་ཁྱེད་རྣམ་པར་ཨ་རིའི་མི་མང་གི་འཚམས་འདྲི་ཁྱེར་ནས་ཡོང་བར་བློ་སྤོབས་སྐྱེ་བཞིན་ཡོད།

ང་རང་གི་རོགས་པ་ཚོ་ཚུར་ཕེབས་ཏེ་ཏོག་ཙམ་རིང་ང་དང་མཉམ་དུ་ཡར་ལངས་ནས་སྡོད་རོགས། ངས་སྐད་ཆ་ཡུན་རིང་པོ་བཤད་ཀྱི་མིན། ངས་ཁྱེད་རྣམ་པར་དེ་རིང་འདིར་ཨ་རིའི་ས་ཆ་ག་ཚོད་ཀྱི་འཐུས་མི་ཕེབས་ཡོད་པ་བསྟན་ན་བསམ་སོང་། སྐུ་ཞབས་སེན་སེན་བྲར་ནར་(Sen Senbrenner)ལགས་ནི་ཝི་སི་ཀོན་སིན་(Wisconsin)ས་གནས་ནས་རེད། སྐུ་ཞབས་ཨེ་ལི་ཡོཊ་ཨེན་ཇལ་(Eliot Engel)ལགས་ནི་ནེའུ་ཡོག་ས་གནས་ནས་རེད། སྐུ་ཞབས་ཇིམ་མེག་གྷ་ཝན་(Jim McGovern)ལགས་ནི་མཱ་སི་ཅུ་སིཊ་(Massachusetts)ས་གནས་ནས་རེད། ལྕམ་བེཏ་ཏི་མེག་ཀོ་ལོམ་(Betty McCollum)ལགས་ནི་མཱེ་ནི་སོ་ཏ་(Minnesota)ས་གནས་ནས་རེད། ལྕམ་ཇུ་ཌི་ཅུ་(Judy Chu)ལགས་ནི་ཀེ་ལི་ཕོ་ནི་ཡ་(California)ས་གནས་ནས་རེད། ལྕམ་པ་མི་ལ་ཇའེ་པཱལ་(Pramila Jayapal)ལགས་ནི་ཝ་ཤིན་ཊོན་ཌི་སི་ས་གནས་ནས་རེད། དེ་བཞིན། ལྕམ་མཱར་རི་ཀེ་ཀར་སཱོན་(Marykay Carlson)ལགས་ནི་རྒྱལ་ས་ལྡི་ལིའི་ཨ་རིའི་དོན་གཅོད་ཁང་གི་འགན་འཛིན་རེད།

ཁྱོད་ཚོས་༸གོང་ས་མཆོག་གི་སྐུའི་གྱ་སྟོན་ལ་བཏང་གནང་བའི་གླུ་གཞས་སྙན་མོ་དེ་ལས་ངས་ཁྱེད་རྣམ་པས་༸གོང་ས་མཆོག་དགུང་གྲངས་ ༡༡༣ ལ་བཞུགས་རྒྱུའི་རེ་བ་གནང་གི་ཡོད་པ་ཤེས་སོང་། ཁོང་དེ་འདྲ་ཞིག་ལ་བཞུགས་རྒྱུ་ཡིན་པ་ངས་ཐག་བཅད་དེ་བཤད་ཐུབ་པ་ཞིག་རེད། འདི་རྒྱ་ནག་གཞུང་ལའང་དགའ་འོས་པའི་གནས་ཚུལ་ཞིག་ཡིན་གྱི་རེད།(གད་མོ་བགད།)

ངས་འདིར་བཤད་འདོད་པ་ནི། ༸གོང་ས་མཆོག་ནི་བྱམས་བརྩེ་ཅན་དང་མི་རེ་ལྟོས་བྱ་འོས་པ་ཞིག་རེད། ཁོང་མི་དེ་འདྲ་ཞིག་ཡིན་པ་ང་ཚོ་ཁོང་ལ་མཇལ་སྐབས་དངོས་སུ་མཐོང་བྱུང་། ང་ཚོ་༸གོང་ས་མཆོག་གི་མཇལ་ཁར་བཅར་སྐབས། ཁོང་གི་རེ་བས་ང་ཚོར་སེམས་ཤུགས་སྤར་སོང་། ང་རང་དཀའ་ངལ་ལ་གདོང་ལེན་བྱེད་པར་སྔོན་མ་ལས་སྙིང་སྟོབས་ཆེན་པོ་ཡོད་མཁན་ཞིག་ཆགས་སོང་། ངའི་སྙིང་སྟོབས་དེ་དག་༸གོང་ས་མཆོག་གི་བྱམས་བརྩེའི་ལམ་སྟོན་ལས་བྱུང་བ་ཡིན།

རེ་བ་ཡོད་པ་རེད། མི་ཚོས་རེ་བ་ཞེས་པ་དེ་ག་པར་ཡོད་ཟེར་གྱི་འདུག རེ་བ་ནི་༸གོང་ས་མཆོག་གིས་གསུངས་པ་དེ་ག་རང་དུ་ཡོད། ཆོས་ལ་དད་པ་དང་ཡིད་ཆེས་གཏིང་ཟབ་མོ་བྱེད་པ་དང་བྱམས་བརྩེའི་ཁྲོད་དུ་རེ་བ་ཡོད་པ་རེད།

བོད་ནང་གི་བོད་མི་དང་འདིར་ཡོད་པའི་བོད་མི། ཡང་ན། འཛམ་གླིང་གི་ས་ཕྱོགས་གང་སར་གནས་གནས་བའི་བོད་མི་སུ་ཞིག་ཡིན་ཡང་། ཁོང་ཚོས་རང་གི་རིག་གཞུང་ངོ་མ་དེ་སྲུང་སྐྱོབ་བྱེད་འདོད་ཡོད་པ་གསལ་པོར་རྟོགས་ཐུབ་ཀྱི་འདུག ཁ་སང་ང་ཚོ་བོད་ཁྱིམ་སློབ་གྲྭར་སྐྱོད་སྐབས་ང་ཚོས་ཕྲུ་གུ་ཚོའི་མིག་མདངས་ལས་ཉིན་ཞིག་ཁོང་ཚོ་ཕྱིར་བོད་དུ་ལོག་ཐུབ་རྒྱུའི་རེ་བ་མཐོང་བྱུང་། ཁ་སང་དགོང་མོ་དང་དེ་རིང་བོད་པའི་ཟློས་གར་ཚོགས་པའི་འཁྲབ་སྟོན་ལ་བལྟས་ཏེ། ང་ཚོས་ཁོང་རྣམ་པས་བོད་ཀྱི་རིག་གཞུང་གོམས་སྲོལ་དེ་དག་ཕྱིར་བོད་ནང་དུ་འཁྱེར་ཐུབ་པའི་རེ་བ་མཐོང་བྱུང་། དེར་བརྟེན། ཁྱེད་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་འདིར་ཡོད་པའི་དབུ་ཁྲིད་བློ་བཟང་སེང་གེ་དང་། སྤྱི་འཐུས་ཚོགས་གཙོ། བོད་ཀྱི་ཆེས་མཐོ་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་སོགས་ལ་མཇལ་སྐབས། ང་ཚོས་བོད་ཀྱི་རང་དབང་གི་གནས་སྟངས་ཇེ་ཡག་ཏུ་འགྲོ་རྒྱུ་ཡིན་པའི་རེ་བ་མཐོང་གི་འདུག

ན་ནིང་ལྕམ་བེཏ་ཏི་མེག་ཀ་ལོམ་(Betty McCollum)ལགས་དང་། ལྕམ་ཇོ་ཡེ་སི་བེཏ་ཏི་(Joyce Beatty)ལགས། ཁོ་མོ་ནི་ཨ་རིའི་ཨོ་ཧི་འོ་(Ohio)ས་གནས་ནས་རེད། ང་ཚོ་མཉམ་དུ་བོད་ལ་བསྐྱོད་པ་རེད། སྐུ་ཞབས་ཇིམ་མེག་གྷོ་ཝན་(Jim McGovern)བཅས་ང་ཚོ་ཕོ་བྲང་པོ་ཏཱ་ལར་ཕྱིན་པ་ཡིན། ང་ཚོས་༸གོང་ས་མཆོག་གི་གཟིམ་ཤག་མཐོང་སོང་། སྐབས་དེར་ང་ཚོས་གཟིམ་ཤག་ནང་དུ་ང་ཚོར་དབང་ཆ་ཡོད་སྐབས་རིང་། ང་ཚོས་རང་གི་དབང་ཆ་ཡོད་ཚད་བེད་སྤྱོད་བཏང་སྟེ་༸གོང་ས་མཆོག་སླར་ཡང་གཟིམ་ཤག་དེར་ལོག་ཕེབས་ཐུབ་པ་བྱ་རྒྱུ་ཡིན་ཞེས་དམ་བཅའ་བཞག་པ་ཡིན།

གོང་དུ་ངའི་རོགས་པས་༸གོང་ས་མཆོག་གི་རེ་བའི་ལམ་སྟོན་ལ་བརྟེན་ནས་བོད་མི་གཅིག་པུ་མིན་པར། འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པའི་མི་ཚང་མར་གཅིག་གིས་གཅིག་ལ་ཆེ་མཐོང་བྱེད་པར་སེམས་ཤུགས་སྤར་ཡོད་བརྗོད་བྱུང་། སྔོན་ཆད་༸གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་གསེར་གྱི་གཟེངས་རྟགས་ཕུལ་སྐབས་ང་ལ་སྐད་ཆ་བཤད་པའི་གོ་སྐབས་བྱུང་བ་ནི་གཟི་བརྗིད་ཅིག་རེད། གོང་དུ་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་གསུངས་པ་ལྟར། སྐབས་དེར་སྲིད་འཛིན་བྷུ་ཤུ་དང་ཁོང་གི་བཟའ་ཟླ་རྣམ་གཉིས་ཀྱང་ཕེབས་ཡོད་པའི་དུས་ཚོད་དམིགས་བསལ་བ་ཞིག་རེད། གཟེངས་རྟགས་དེས་བོད་མི་ཚང་མ་ལ་ཆེ་བསྟོད་བྱས་པ་རེད།

༸གོང་ས་མཆོག་གིས་ཞི་བདེ་དང་འཚེ་མེད་ཞི་བའི་ལམ། འགྲོ་བ་མིའི་ཐབ་ཐང་། དེ་བཞིན། ཆོས་ཀྱི་སྙིང་པོ་གང་ཡིན་པའི་གོ་དོན་རྟོགས་པའི་ཆེད་དུ་ཐུགས་བརྩེ་བ་ཆེན་པོའི་ལམ་སྟོན་མ་ནོར་བ་གནང་གི་ཡོད་ལ། ༸གོང་ས་མཆོག་གིས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་སྐབས། དཀོན་མཆོག་གིས་སྐྲུན་པའི་ཕྱིའི་ཁོར་ཡུག་སྲུང་སྐྱོབ་ལ་འགན་འཁུར་དགོས་པའི་སྐོར་གསུངས་ཡོད། དེ་ནི་ནོ་བྷེལ་གཟེངས་རྟགས་བཞེས་མཁན་ཁྲོད་ཁོར་ཡུག་སྲུང་སྐྱོབ་སྐོར་ལ་གསུང་མཁན་དང་པོ་ཆགས་ཡོད། དེར་བརྟེན། ངས་༸གོང་ས་མཆོག་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།

༸གོང་ས་མཆོག་ལ་ཨ་རིའི་གསེར་གྱི་གཟེངས་རྟགས་ཕུལ་སྐབས་མི་ཧ་ཅང་མང་པོ་འཛོམས་ཡོད། ཕྱི་ལོགས་སུའང་གྲ་སྒྲིག་འཕར་མ་བྱེད་དགོས་བྱུང་པ་རེད། སྐབས་དེར་ཨ་རིའི་ས་ཕྱོགས་གང་ས་ནས་ཁོང་གི་ལམ་སྟོན་ལ་བརྟེན་ནས་སེམས་ཤུགས་འཕར་ཡོད་མཁན་གྱི་མི་མང་སྟོང་ཕྲག་མང་པོ་ཁོང་ལ་འཚམས་འདྲི་དང་མཛད་སྒོ་དེར་མཉམ་ཞུགས་གནང་བར་ཕེབས་ཡོད། ཁོང་ཅག་མང་པོ་ཞིག་གིས་བོད་མི་ཚོར་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་མཐོང་གི་འདུག

དེ་རིང་ང་ཚོས་གང་བཤད་པ་འདི་ལྟ་བུ་རྒྱ་ནག་གི་མགོ་ཁྲིད་ཚོར་ཐུག་འཕྲད་བྱེད་སྐབས་ཀྱང་བཤད་རྒྱུ་ཡིན། རྒྱ་ནག་གིས་རྒྱལ་ཁབ་དང་ཚོགས་པ། དེ་བཞིན། མི་སྒེར་སུ་ཞིག་ཡིན་ཡང་བོད་དོན་ལ་སྐད་ཆ་བཤད་ན་སྡིག་དམོད་བྱེད་ཀྱིན་ཡོད། རྒྱ་ནག་གིས་དཔལ་འབྱོར་སྟོབས་ཤུགས་བེད་སྤྱོད་བྱས་ཏེ་བོད་ཀྱི་གྲོགས་པོ་ཚོས་བོད་ལ་རྒྱབ་སྐྱོར་བྱེད་བཞིན་པ་རྩ་མེད་བཟོ་ཐབས་བྱེད་ཀྱིན་ཡོད་ཀྱང་། ང་ཚོས་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་ལ་མགོ་བོ་སྒུར་ནས་བོད་དང་རྒྱ་ནག་ནང་བྱུང་དང་འབྱུང་བཞིན་པའི་བཙན་གནོན་སྐོར་ལ་སྐད་ཆ་མ་བཤད་ན། ང་ཚོས་འཛམ་གླིང་སྟེང་གི་ས་ཆ་གཞན་དག་ནང་གི་འགྲོ་བ་མིའི་ཐོབ་སྐོར་ལ་སྐད་ཆ་བཤད་རྒྱུའི་བཟང་སྤྱོད་ཀྱི་ཐོབ་ཐང་ཡང་བརླག་གི་ཡོད་པ་རེད། ང་ཚོ་ཁུ་སིམ་མེར་སྡོད་ཐུབ་ཡོད་པ་མ་རེད་ལ། ཁྱེད་རྣམ་པའང་ཁུ་སིམ་མེར་གནས་ཐུབ་ཡོད་པ་མ་རེད།

དེ་རིང་ངས་འདིར་རྒྱ་ནག་གི་གདུག་རྩུབ་ཆེ་བའི་མནར་གཅོད་སྐོར་བཤད་ཀྱི་མིན། ༸གོང་ས་མཆོག་གིས་ང་ལ་བསམ་བློ་ངན་པའི་ཕྱོགས་སུ་མང་པོ་མ་གཏོང་བར་བཟང་ཕྱོགས་སུ་གཏོང་དགོས་གསུངས་སོང་། འོན་ཀྱང་། རྒྱ་ནག་གིས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྩ་མེད་གཏོང་ཐབས་བྱེད་བཞིན་པ་དེར་ང་ཚོས་མཉམ་དུ་ཁ་གཏད་ལྕོག་དགོས།

ང་ཚོ་རྒྱ་ནག་ནང་ཡོད་སྐབས་རྒྱ་ནག་གཞུང་གིས་ “ང་ཚོས་ཆོས་ལ་རོགས་སྐྱོར་བྱེད་ཀྱིན་ཡོད། ང་ཚོས་དགོན་པ་དང་འདུ་ཁང་ལ་ཚོན་རྩི་བཏང་ཡོད” ཅེས་བརྗོད་སོང་། དེ་ལ་ང་ཚོས་ “ང་ཚོ་ཁྱེད་ཚོས་བཏང་བའི་ཚོན་མདོག་ལ་དོ་སྣང་མེད། ང་ཚོས་དོ་སྣང་བྱེད་ས་ནི་ཁྱེད་ཚོས་ཕྲུ་གུ་ཚོའི་སེམས་ཁམས་ལ་སྟངས་འཛིན་བྱེད་བཞིན་པ་དེ་ཡིན། ང་ཚོས་དོ་སྣང་བྱེད་ས་ནི་བོད་པའི་སྐད་ཡིག་རིག་གཞུང་དང་། ཆོས་ལུགས་སོགས་ཡིན་པ་ལས་ཁྱོད་ཚོིས་དགོན་ཐོག་ལ་བཏང་བའི་ཚོན་རྩི་དེ་མིན” ཞེས་ཞུས་པ་ཡིན།

དེ་རིང་གི་གཏམ་བཤད་ཀྱི་མགོ་ནི་ཐེངས་འདིའི་སྐུ་ཚབ་འཐུས་མི་རྣམས་དྷ་རམ་ས་ལར་གདན་འདྲེན་ཞུ་པར་ཕྱག་རོགས་གནང་མཁན་ངའི་རོགས་པ་སེན་སེན་ཝ་རན་ནར་ལགས་ཀྱིས་བཙུགས་ཡོད་པ་དང་། ངས་རྒྱ་ནག་གཞུང་གིས་སྐད་ཆ་འདི་དག་གོ་ཐུབ་པ་དང་། ༸གོང་ས་མཆོག་གི་མངོན་འདོད་དང་མཛད་འཕྲིན། དེ་བཞིན། རེ་བ་དེ་དག་མགྱོགས་མྱུར་ངང་འགྲུབ་ཐུབ་པ་དང་། རྒྱ་ནག་གིས་སོ་སོའི་ཞན་ཆ་གང་ཡིན་པ་ངོས་ཟིན་ཐུབ་པར་ཤོག་ཅེས་ཞུ་བ་དང་འབྲེལ་ཏེ་སྐད་ཆའི་མཇུག་བསྡུ་རྒྱུ་ཡིན།

རྒྱ་མི་ཁ་ཤས་ཀྱིས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཟེར་བ་དེ་ཁས་ལེན་བྱེད་ཐུབ་ཀྱི་མེད་ཀྱང་། དེ་ནི་ང་ཚོར་མཚོན་ན་མེད་ཐབས་མེད་པ་ཞིག་རེད། ང་ཚོས་མཉམ་དུ་ལས་ཀ་བྱས་ཏེ་བར་ཐག་དེ་ཉུང་དུ་གཏོང་གི་ཡིན། ཁྱེད་ཀྱི་བློས་གཏོང་དང་ཁྱེད་ཀྱི་གནང་སྟངས་ལ་བརྟེན་ཏེ་བོད་ཀྱི་རིན་ཐང་དང་སྐད་ཡིག རིག་གཞུང་། ཆོས་ལུགས་སོགས་མི་ཉམས་གོང་འཕེལ་ཡོང་བ་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་ཉུང་མཐར་དགུང་ལོ་ ༡༡༣ བཞུགས་རྒྱུ་ཡིན་སྟབས། ཁོང་གིས་དབུ་ཁྲིད་འོག་མ་འོངས་བོད་མི་ཚོར་རྒྱལ་ཁ་ཐོབ་པའི་རེ་བ་དང་ཡིད་ཆེས་བརྟན་པོ་ཡོད། ཚང་མ་ལ་ཐུགས་རྗེ། བཀྲ་ཤིས་བདེ་ལེགས།

ཐེངས་འདིར་བཙན་བྱོལ་བོད་མིའི་བསྟི་གནས་བཞུགས་སྒར་དྷ་རམ་ས་ལར་ཕེབས་པའི་ཨ་རིའི་གྲོས་ཚོགས་འཐུས་མི་བརྒྱད་ནི། གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནེན་སི་པེ་ལོ་སི་(Nancy Pelosi)དང་། གྲོས་ཚོགས་འོག་མའི་སྐུ་ཞབས་ཨི་ལོ་ཡི་ཊི་ཨེན་ཇེལ་(Eliot Engel)། གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་ཇིམ་སེན་སེན་བྷེར་ནར་(Jim Sensenbrenner)། གྲོས་ཚོགས་འོག་མའི་སྐུ་ཞབས་ཇིམ་མེག་གྷོ་ཝན་(Jim McGovern)། གྲོས་ཚོགས་འོག་མའི་ལྕམ་སྐུ་བྷེ་ཊི་མེག་ཀ་ལམ་(Betty McCollum)། གྲོས་ཚོགས་འོག་མའི་ལྕམ་སྐུ་ཇོ་སི་བྷི་ཊི་(Joyce Beatty)། གྲོས་ཚོགས་འོག་མའི་ལྕམ་སྐུ་པར་མི་ལཇ་ཡ་པཱལ་(Pramila Jayapal)། གྲོས་ཚོགས་འོག་མའི་སྐུ་ཞབས་ཇུ་ཌི་ཅུ་(Judy Chu )མཆོག་བཅས་ཡིན་འདུག དེ་དག་ལ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་དང་ཇིམ་མེག་གྷོ་ཝན། བྷེ་ཊི་མེག་ཀ་ལམ། ལྕམ་སྐུ་ཇོ་སི་བྷི་ཊི་སོགས་ ༢༠༡༥ ལོའི་ཟླ་ ༡༡ པའི་ནང་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་གི་ངོ་བོའི་ཐོག་ནས་བོད་ནང་གཟིགས་སྐོར་གནང་ཡོད།

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༥/༡༦

Leave a Reply

One thought on “ཨ་རིའི་གྲོས་ཚོགས་འཐུས་མི་ལྔ་ཡིས་བཞུགས་སྒར་དྷ་རམ་ས་ལར་གཏམ་བཤད་གནང་།

  1. སྟོབས་རྒྱལ།

    བོད་ཀྱི་དུས་བབ་གསར་ཁང་གིས་ཨ་རིའི་གྲོས་ཚོགས་འཐུས་མི་རྣམ་པའི་གཏམ་བཤད་ཆ་ཚང་བ་བོད་ཡིག་ནང་ཕབ་བསྒྱུར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ང་དང་ང་ལྟ་བུ་བོད་ཡིག་བོད་ལས་མི་ཤེས་མཁན་ཚོས་ལྟ་འདོད་པ་དང་ཉན་འདོད་པ་ནི་འདི་ལྟ་བུའི་ཕྱི་རྒྱལ་སྐད་ཡིག་ནང་གི་གསུང་གལ་ཆེན་རྣམས་ཡིན། ཐུགས་རྗེ་ཤིན་ཏུ་ཆེ་ཞུ་འོ།