དྷ་སའི་ཁ་རྒྱུན་ཟད་པོ།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༧༢༢ སྟེང་གི་རྩོམ་སྒྲིག་པའི་གཏམ།

ལོ་ལྟར་ཕྱི་ཟླ་བཅུ་གཉིས་དང་པོའི་བར་འདི་དྷ་རམ་ས་ལའི་གནམ་གཤིས་ཧ་ཅང་གྲང་བའི་དུས་ཚོད་དང་། མཚམས་རེར་ཁ་བ་ཡང་འབབ་ཀྱིན་ཡོད། ད་ལོར་ཡང་གནམ་གཤིས་གློ་བུར་དུ་ཇེ་འཁྱག་ཏུ་སོང་བའི་སྟེང་ལ། ༧གོང་ས་མཆོག་གིས་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་གསུང་གི་ཡོད་སྟབས། བོད་པའི་ཚོང་ཁང་ཟ་ཁང་ཕལ་ཆེ་བ་སྒོ་བརྒྱབ་སྟེ་བོད་མི་རེ་ཟུང་ལས་མཐོང་རྒྱུ་མི་འདུག་ཀྱང་། དོར་མིའི་དབྱིབས་ཀྱི་སྲང་ལམ་ཁུལ་དུ་མི་ཚོགས་ཀྱི་འཚང་ཁ་སྔར་བཞིན་རེད་འདུག

དྷ་སའི་བོད་མི་ཚོར་འདི་འདྲའི་བཤད་སྲོལ་ཞིག་ཡོད། བོད་པ་ཚོ་མེད་ན་དྷ་སའི་རྒྱ་གར་ཚོང་ཁང་དང་ཟ་ཁང་ལ་ཚོང་མེད། དྷ་རམ་ས་ལ་འདི་ལྟ་བུའི་ཡར་རྒྱས་ཕྱིན་པ་དེ་བོད་པ་ཚོའི་ཐུགས་རྗེ་བཀའ་དྲིན་ཡིན། ༧གོང་ས་མཆོག་དང་བོད་གཞུང་དྷ་སར་ཡོད་སྟབས། འཛམ་གླིང་ཡུལ་གྲུ་ཁག་གི་མི་རྣམས་པདྨའི་ཚལ་དུ་སྦྲང་མའི་ཚོགས་བཞིན་འཁོར་ནས་ཡོང་གི་ཡོད། བོད་པ་ཚོ་མེད་ན་ས་ངན་འདིར་ཡོང་མཁན་སུ་ཞིག་ཡོད་ཟེར།

ངས་ཕ་ཡུལ་ནས་ཀྱང་འདི་དང་འདྲ་སེ་ཞིག་གོ་མྱོང་ཡོད། རྒྱ་གར་དྷ་རམ་ས་ལ་དེ་ཤིང་ནགས་རི་བྲག་གི་གསེང་ཞིག་ཡིན་པ་དང་། སྔོན་ཆད་སྟག་གཟིག་དོམ་དྲེད་དུག་སྦྲུལ་སོགས་ཀྱི་འཇིགས་པ་ཆེ་ཡང་། ༧གོང་ས་མཆོག་ཕེབས་བཞུགས་གནང་བ་ནས་བཟུང་སེམས་ཅན་སྡུག་ཅན་དེ་དག་མེད་པ་ཆགས་ཏེ། ད་ལྟ་རྩི་ཤིང་མེ་ཏོག་དང་རི་དྭགས་སེམས་ཅན་འཁོར་བའི་གནས་ཡིད་དུ་འོང་པ་ཞིག་ཆགས་ཡོད་ཟེར། སོ་སོས་ཀྱང་དེ་ལྟ་བུའི་ཞིང་བཀོད་ཅིག་བློས་བསླངས་བྱས་མྱོང་།

ད་ལྟ་དངོས་སུ་བལྟས་ཡོང་ན་ངས་སྔོན་ཆད་བློས་བསླངས་བྱས་པའི་ཞིང་བཀོད་དེའི་ཤུལ་ཙམ་ཡང་མི་འདུག་ལ། དྷ་སའི་ཁ་རྒྱུན་དེའང་ཕྱེད་བདེན་པ་དང་ཕྱེད་འུད་བརྗོད་རེད། ༧གོང་ས་མཆོག་དང་བོད་པ་ཚོ་ཡོད་པས་དྷ་རམ་ས་ལ་སྐད་གྲགས་ཆགས་པ་དང་དཔལ་འབྱོར་འཕེལ་རྒྱས་སོང་བ་བདེན་ཡང་། དྷ་སའི་སྲིད་འབྱོར་རིག་གསུམ་ཡོངས་རྫོགས་ཀྱི་འཕེལ་ཁ་བོད་པ་ཁོ་ནར་བརྟེན་ཏེ་བྱུང་བ་མིན་པ་དེའང་ཤེས་དགོས།

དྷ་སའི་བཤད་ཡམས་དེས་རྒྱ་གར་ཡུལ་མིའི་བཀའ་དྲིན་ལ་བསམ་ཤེས་མེད་པ་དང་། སྐྱབས་ཡུལ་གཉིས་བར་འགལ་བ་སྣ་ཚོགས་ཡོང་གི་ཡོད། སྔོན་ཆད་ས་ཆ་འདི་ཡུལ་མཐའ་འཁོབ་སྲིད་འབྱོར་རིག་གསུམ་དར་རྒྱས་མེད་པའི་ཀླ་ཀློའི་ཡུལ་ཞིག་ཡིན་པ་དང་། ད་ལྟ་ཡར་རྒྱས་གང་འཚམ་ཕྱིན་ཡོད་པ་དེ་འཛམ་གླིང་སྤྱིའི་འཕེལ་འགྱུར་གྱི་ཆོས་ཉིད་ཅིག་ཡིན་ལ། བོད་པ་ཚོ་བཀའ་དྲིན་སྐུ་དྲིན་ཆེ་སའི་ཡར་འཐོན་པ་དེ་དག་ཀྱང་དྷ་རམ་ས་ལའི་ས་བདག་ཆུ་བདག་མིན་པར་ཕྱོགས་ཡོང་གི་ཚོང་པ་རེད།

དྷ་སའི་འཕེལ་རྒྱས་འདི་ཕྱོགས་གཞན་ཞིག་ནས་གླེང་ན། རྒྱ་གར་ཚ་བའི་ཁུལ་འདིར་བྱང་ཕྱོགས་དྷ་རམ་ས་ལ་དང་སིམ་ལ། མ་སུ་རི་སོགས་ནི་བསིལ་བའི་གནས་མཆོག་ཏུ་འབོད་ཅིང་། རྒྱ་གར་རྒྱལ་ས་ལྡི་ལི་དང་པན་ཇབ་མངའ་སྡེ་སོགས་ནས་དྷ་སར་ལམ་ཐག་ཉེ་སྟབས། ཕྱི་ཟླ་ལྔ་བ་དྲུག་པར་གྲོང་ཁྱེར་ཁག་ནས་སྤྲོ་གསེང་ལ་ཡོང་མཁན་ཧ་ཅང་མང་བ་འདིས་ཀྱང་། དྷ་སའི་ཚོང་ལས་དང་འཛུགས་སྐྲུན་ཡར་རྒྱས་ལ་རམ་འདེགས་ཆེན་པོ་བྱས་ཡོད་པ་དེའང་སྙོན་ཐབས་མེད།

མདོ་དོན། དྷ་རམ་ས་ལ་འདི་སྔོན་ཆད་ཀྱི་དྷ་ས་དེ་མ་རེད་ལ། དྷ་སའི་མི་ཚོགས་ཀྱང་སྔོན་ཆད་ཀྱི་མི་ཚོགས་དེ་མ་རེད། བོད་པ་ཚོ་ལོ་རེ་ནས་ལོ་རེར་ཇེ་ཉུང་དང་། བོད་པའི་གྲོགས་པོ་དང་སྐུ་མགྲོན་ཡང་ཇེ་དཀོན་ཡིན་ཡང་། དྷ་སའི་ཚོང་ལས་འདུ་འགོད་སྔར་བཞིན་འཁྲུག་ཆ་དོད་ཅིང་། སྲང་བར་དོག་མོ་དེའི་མི་ཚོགས་ཀྱི་འཚང་ཁའང་སྔར་ལས་ལྡབ་འགྱུར་གྱིས་ཆེ་རུ་ཕྱིན་འདུག འོན་ཀྱང་དྷ་སའི་བོད་མི་ཚོས་ད་དུང་། “རྒྱ་གར་ཧམ་པ་ཆེ་བ་ལ། བོད་པ་ཚོ་མེད་ན། ཁྱོད་ཚོ་ཚར་བ་རེད།” ཅེས་ཤབ་ཤུབ་ཀྱིས་སྡིགས་ར་སྐུལ་བཞིན་འདུག

བསྐྱར་བཅོས།: ༢༠༡༧/༠༡/༡༡

Leave a Reply