དྷ་སར་རླངས་འཁོར་གཏོང་མཁན་ཆང་འཐུང་ཚོར་དམ་དྲག

ཉིན་འདི་འགར་དྷ་རམ་ས་ལར་ཡུལ་སྐོར་སྤྲོ་འཆམ་པ་ཇེ་མང་དུ་ཕྱིན་ཏེ་ལམ་ཁ་ཡོངས་འགག་གི་ཡོད་པ་མ་ཟད། རླངས་འཁོར་དོན་རྐྱེན་ཡང་བསྟུད་མུར་འབྱུང་བཞིན་ཡོད་སྟབས་ས་གནས་ཉེན་རྟོག་པས་འགྲིམ་འགྲུལ་ཇེ་དམ་དུ་བཏང་ཡོད་འདུག

ཁ་སང་རྒྱ་གར་ (The Tribune) གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉིན་འདི་འགར་དྷ་རམ་ས་ལ་ཁུལ་དུ་རླངས་འཁོར་དོན་རྐྱེན་སྣ་ཚོགས་བྱུང་སྟེ་གཞོན་སྐྱེས་གསུམ་རྐྱེན་འདས་སུ་སོང་ཡོད་པ་དང་། ཧི་མ་ཅལ་མངའ་སྡེ་ཀཱང་ར་རྫོང་ཉེན་རྟོག་པས་མེག་གྷན་སྲང་ལམ་གཙོས་པའི་དྷ་རམ་ས་ལ་ཁུལ་དུ་ཆང་རག་འཐུང་ནས་རླངས་འཁོར་གཏོང་མཁན་ཚོར་ཞིབ་བཤེར་དམ་དུ་གཏོང་མགོ་བཙུགས་ཡོད་པ་དང་། ཕྱི་ཚེས་ ༡༡ ཉིན་ནས་སྔ་རྗེས་སུ་རླངས་འཁོར་གཏོང་མཁན་ར་བཟི་བ་ ༤༠ འཛིན་བཟུང་བྱས་ཡོད་འདུག

ཀཱང་ར་རྫོང་ཉེན་རྟོག་མགོ་གཙོ་སན་རྗེ་གྷན་དྷེ་ (Sanjeev Gandhi) ལགས་ཀྱིས་གསར་འགོད་པར། རླངས་འཁོར་གཏོང་མཁན་ཚོས་ཆང་རག་འཐུང་ནས་ར་བཟི་བའི་དོན་རྐྱེན་འབྱུང་གི་ཡོད་སྟབས། ཉེན་རྟོག་པས་ཆང་རག་འཐུང་ནས་རླངས་འཁོར་གཏོང་མཁན་མང་པོ་འཛིན་བཟུང་བྱས་ཡོད་པ་དང་། གནད་དོན་དེ་ར་བཟི་བ་ཚོའི་ཕ་མ་གཉེན་ཉེ་ཚོ་དང་ལྷན་དུ་ཐག་གཅོད་བྱ་རྒྱུ་ཡིན་སྐོར་དང་། ཕྱི་ཚེས་ ༡༠ ཉིན་དྷ་ཤོད་ནས་མེག་གྷན་བར་སྐྱོད་མཁན་རླངས་འཁོར་མང་དྲགས་ཏེ། ལམ་ཁ་འགགས་ཡོད་སྟབས་ཉེན་རྟོག་པས་དྷ་ཤོད་ནས་གླ་གཏོང་རླངས་འཁོར་མང་པོ་བཀག་སྟེ་ཐེངས་རེར་རླངས་འཁོར་ ༢༠ རེ་གཏོང་གི་ཡོད་སྐོར་སོགས་བརྗོད་འདུག ཡང་ཀཱང་ར་རྫོང་ཉེན་རྟོག་ཕྱོགས་ནས་ཕྱི་ཚེས་ ༡༠ ཉིན་དྷ་ཤོད་ནས་མེག་གྷན་བར་དུ་ལམ་ཁ་འགགས་ཏེ་རླངས་འཁོར་ཆེ་ཆུང་ ༢༥༠༠ ཙམ་དུས་ཚོད་རྒྱུན་རིང་བོར་བསྒུག་དགོས་བྱུང་ཡོད་སྐོར་བརྗོད་འདུག

འདས་པའི་ཉིན་ཤས་ནས་བཟུང་དྷ་རམ་ས་ལའི་མེག་གྷན་དུ་ཡུལ་སྐོར་སྤྲོ་འཆམ་པ་ཡོང་མཁན་ཇེ་མང་དུ་ཕྱིན་ཏེ། ཕྱི་ཚེས་ ༡༠ ཉིན་དྷ་ཤོད་ནས་མེག་གྷན་སྲང་ལམ་བར་གྱི་གཞུང་ལམ་སྟེང་རླངས་འཁོར་མང་དྲགས་ཏེ་ལམ་ཁ་འགགས་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་མ་ཟད། ཡུལ་སྐོར་སྤྲོ་འཆམ་མང་པོ་ཞིག་ལ་མེག་གྷན་གཡས་གཡོན་དུ་མགྲོན་མ་རག་པའི་དཀའ་འཕྲད་དེ། དགོང་མོ་དྷ་ཤོད་དང་པ་ལམ་པུར་ (Palampur)། ཆཱ་མུམ་ཌ་མཱ་ཊ་ (Chamunda Mata) སོགས་སུ་སོང་ནས་མགྲོན་ཁང་འཚོལ་དགོས་པའི་གནས་ཚུལ་བྱུང་ཡོད་འདུག

མེག་གྷན་སྲང་ལམ་གཡས་གཡོན་གྱི་རླངས་འཁོར་འཇོག་ས་ཚང་མ་ཡུལ་སྐོར་སྤྲོ་འཆམ་པའི་རླངས་འཁོར་གྱིས་ཁེངས་ཡོད་པ་མ་ཟད། མེག་གྷན་གྱི་མགྲོན་ཁང་བརྒྱ་ཆ་ ༧༠ ཡས་མས་ཀྱི་རླངས་འཁོར་འཇོག་སའང་ཡུལ་སྐོར་སྤྲོ་འཆམ་པའི་རླངས་འཁོར་གྱིས་ཁེངས་ཡོད་སྟབས། རླངས་འཁོར་མང་པོ་ཞིག་ཁྲོམ་ལམ་གཡས་གཡོན་དུ་འཇོག་དགོས་བྱུང་ཡོད་འདུག

མེག་གྷན་ཉེ་འཁྲིས་ཀྱི་བྷག་སུ་ནཱག་ (Bhagsunag) ནས་དྷ་རམ་ཀོ་ཊི་ (Dharamkot) བར་གྱི་གཞུང་ལམ་དོག་པོ་དེའང་རླངས་འཁོར་གྱིས་འགགས་ཏེ་ཕར་ཚུར་འགྲོ་སྐྱོད་མ་ཐུབ་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་མ་ཟད། ལམ་ཁའི་གཡས་གཡོན་ཚང་མར་རླངས་འཁོར་གྱིས་ཁེངས་ཏེ་མི་རྐང་ཐང་དུ་འགྲོ་མཁན་དག་ལའང་དཀའ་ངལ་འཕྲད་བཞིན་ཡོད་སྟབས། ས་གནས་ཉེན་རྟོག་པས་གཞུང་ལམ་གཡས་གཡོན་དུ་རླངས་འཁོར་འཇོག་མཁན་ཚོར་ཉེས་ཆད་ལྕི་མོ་གཅོད་ཀྱི་ཡོད་འདུག

དྷ་ས་གྲོང་སྡེ་འཛུགས་སྐྲུན་ལས་ཁུངས་ཀྱིས་དྷ་རམ་ས་ལའི་གཞུང་ལམ་འཛུགས་སྐྲུན་ཚགས་ཚུད་བྱུང་རྗེས། མེག་གྷན་གཙོས་པའི་དྷ་རམ་ཀོ་ཊི་དང་ནཱ་ཌེ་སོགས་ཀྱི་གཞུང་ལམ་སྟེང་རླངས་འཁོར་འགགས་པའི་དཀའ་ངལ་སེལ་ཐུབ་པར་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་། མཐུན་རྐྱེན་གྱི་དཀའ་ངལ་འོག་ད་ཆར་ཨན་ཌུར་ནཱག་ (Indrunag) ནས་བྷག་སུ་ནཱག་ (Bhagsunag) བར་ལམ་ཁ་ཞིག་འཛུགས་སྐྲུན་བྱེད་བཞིན་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༦/༡༤

Leave a Reply