ནང་པའི་བྷིན་ལཱ་ཌན་ཟེར་བའི་གྲྭ་བ་ཞིག་འདུག

འབར་མ་ནང་པའི་གྲྭ་བ་ཞིག་གིས་ངོ་དེབ་བརྒྱུད་དེ་ཁ་ཆེ་ཚོར་སྐྱོན་ཆེན་པོ་བྱེད་བཞིན་ཡོད་པར་རྒྱལ་སྤྱིའི་གང་ས་ནས་གྲྭ་བ་དེར་སྐྱོན་བརྗོད་བྱེད་བཞིན་ཡོད་པ་མ་ཟད་ངོ་དེབ་ཚང་གིས་ཀྱང་གྲྭ་བ་དེའི་ངོ་དེབ་ཁ་བྱང་བཀག་ཡོད་འདུག

རྒྱ་ནག་ལྷོ་རྒྱུད་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འབར་མའི་ནང་གྲགས་ཆེ་བའི་ནང་པའི་གྲྭ་བ་བཱི་རཱ་ཐའོ་(Wirathu)ཟེར་བ་ཞིག་གིས་ངོ་དེབ་བརྒྱུད་དེ་འབར་མའི་ཁ་ཆེ་མི་སེར་ཚོར་སྐྱོན་བརྗོད་ཤུགས་ཆེན་བྱས་སྟབས། ཟླ་གཅིག་གི་གོང་ནས་སྤྱི་ཚོགས་བརྒྱུད་ལམ་ཆེ་གྲས་ངོ་དེབ་ཚང་གིས་ཁོའི་ངོ་དེབ་བཀག་སྡོམ་བྱས་ཡོད་པ་དང་། རྒྱལ་སྤྱིའི་གང་ས་ནས་གྲྭ་བ་དེར་སྐྱོན་བརྗོད་ཤུགས་ཆེན་ཡོང་བཞིན་ཡོད་པ་མ་ཟད། ནང་པའི་བྷིན་ལཱ་ཌན་(Buddhist bin Laden)ཞེས་མིང་ཞིག་ཀྱང་བཏགས་ཡོད་འདུག

བོད་མིའི་སྐྱབས་མགོན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཀྱང་འབར་མའི་ནང་པའི་གྲྭ་བ་ཚོས་ཁ་ཆེ་ཚོར་གནོད་འཚེ་གཏོང་མི་རུང་བ་དང་། སྤྱི་ཚོགས་རྙོག་འཛིང་གི་སྐབས་སུ་ནང་པའི་གྲྭ་བ་ཚོས་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་དགོངས་སེམས་ལ་བཅངས་ཏེ། བྱམས་བརྩེ་ཉམས་ལེན་གནང་དགོས་པའི་འབོད་སྐུལ་ཡང་ཡང་གནང་ཡོད་པ་རེད།

ནང་པའི་གྲྭ་བ་བཱི་རཱ་ཐའོ་ཡིས་ཐོག་མ་ ༢༠༡༢ ལོར་འབར་མའི་ནང་གི་ཁ་ཆེ་དང་ནང་པའི་བར་རྩོད་རྙོག་བྱུང་བ་ནས་བཟུང་། སྤྱི་ཚོགས་བརྒྱུད་ལམ་ཁག་བརྒྱུད་དེ་འབར་མའི་ཁ་ཆེ་ཚོས་ནང་པའི་བུ་མོ་ཚོར་བཙན་གཡེམ་དང་ནང་པ་མང་པོ་གསོད་ཀྱི་ཡོད་པ་མ་ཟད། ཁ་ཆེ་ཚོ་ཁྱི་ལའང་བསྡུར་ཐབས་མེད་སྐོར་སོགས་ཀྱི་སྐྱོན་བརྗོད་བྱེད་བཞིན་ཡོད་སྟབས། ཟླ་གཅིག་གི་གོང་ཙམ་ནས་ངོ་དེབ་ཚང་གིས་ཁོ་རང་གི་ངོ་དེབ་བཀག་སྡོམ་བྱས་ཡོད་ཀྱང་། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་གྲྭ་བ་བཱི་རཱ་ཐའོ་ཡིས་ངོ་དེབ་ཁ་བྱང་གཞན་ཞིག་བཟོས་ཏེ། བརྙན་ཐུང་ཞིག་གི་ནང་ཁོ་རང་གི་ཁ་བྱང་རྙིང་པ་དེ་ངོ་དེབ་ཀྱིས་བཀག་སྡོམ་བྱས་པའི་སྐོར་ལ་ཁོས། “ངས་ད་ལྟ་བེད་སྤྱོད་གཏོང་བཞིན་པའི་ངོ་དེབ་ཁ་བྱང་འདི་ད་དུང་མུ་མཐུད་ནས་བེད་སྤྱོད་གཏོང་ཐུབ་མིན་མི་ཤེས། རྒྱུ་མཚན་ནི་ངོ་དེབ་སྟངས་འཛིན་བྱེད་མཁན་ཁ་ཆེ་བ་རེད” ཅེས་བརྗོད་ཡོད།

ངོ་དེབ་ལས་ཁུངས་ཀྱི་མགྲིན་ཚབ་པས་གནས་ཚུལ་དེའི་ཐད་དྲི་བ་བཏོན་པར་ལན་གང་ཡང་བརྒྱབ་མེད་པ་དང་། ངོ་དེབ་ཚང་ལ་ད་སྐབས་རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་གི་གནོན་ཤུགས་ཆེན་པོ་འབྱུང་བཞིན་ཡོད་སྟབས། ངོ་དེབ་སྟེང་གཞུང་དང་ཚོགས་སྒེར་སོགས་ལ་སྐྱོན་བརྗོད་དྲག་པོ་དང་འཇིགས་སྐུལ། གནས་ཚུལ་རྫུན་མ་སོགས་རྩ་འགོག་བྱེད་ཐབས་སུ་ནུས་ཤུགས་འདོན་བཞིན་ཡོད་པའི་ཁྲོད་གྲྭ་བ་བཱི་རཱ་ཐའོ་ཡི་ངོ་དེབ་ཀྱང་དེའི་ཁྲོད་ཀྱི་གཅིག་ཆགས་ཡོད།

འབར་མའི་རྒྱལ་ཞེན་རིང་ལུགས་པ་ཚོས་ཁ་ཆེ་གྲངས་ཉུང་མི་རིགས་རཱོ་ཧིང་གཱ་ཡར་(Rohingya)ལྟ་སྟངས་ངན་པ་འཛིན་བཞིན་ཡོད་པ་དང་། རྒྱལ་སྤྱིའི་ཤེས་ཡོན་ཅན་གྱི་གཞུང་དང་ཚོགས་སྡེ་ཁག དེ་བཞིན། གང་ཟག་སྒེར་བ་མང་པོ་ཞིག་གིས་འབར་མའི་གཞུང་ལ་ནང་པ་དང་ཁ་ཆེ་བར་གྱི་རྩོད་རྙོག་འདུམ་སྒྲིག་བྱེད་དགོས་པའི་འབོད་སྐུལ་ཐེངས་མང་ཞུས་པར་བརྟེན་ཏེ། ཉེ་ཆར་འབར་མ་གཞུང་གིས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གྲངས་ཉུང་མི་རིགས་ལ་ཁྱད་གསོད་གཏོང་མཚམས་འཇོག་དགོས་པའི་གསལ་བསྒྲགས་སྤེལ་ཡོད་པ་དང་། ངོ་དེབ་ཀྱིས་ཟླ་སྔོན་མ་ནས་བཟུང་འབར་མ་ནང་པའི་མི་སེར་ཚོས་ངོ་དེབ་སྟེང་(Kalar)ཞེས་བའི་ཚིག་དེ་བེད་སྤྱོད་གཏོང་བར་བཀག་སྡོམ་བྱས་ཡོད་ཅིང་། ཚིག་དེས་ཁ་ཆེ་ཚོར་མཐོང་ཆུང་བྱེད་པ་ཞིག་ཡིན་འདུག ཟླ་སྔོན་མར་འབར་མ་ནང་པའི་བསྟི་གནས་མཐོ་ཤོས་ལས་ཁུངས་ཀྱིས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གྲྭ་བ་བཱི་རཱ་ཐའོ་གཙོས་རྒྱལ་ཞེན་པ་མང་པོ་ཞིག་གིས་(Ma Ba Tha)ཞེས་བའི་ལས་འགུལ་ཞིག་སྤེལ་ཏེ་ཁ་ཆེ་ཚོར་མཐོང་ཆུང་བྱེད་བཞིན་པར་ངོ་རྒོལ་བྱས་ཏེ། ལས་འགུལ་དེ་མགྱོགས་མྱུར་ངང་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

རུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། བོད་མིའི་སྐྱབས་མགོན་༧གོང་ས་མཆོག་གིས་ཀྱང་འབར་མ་རྒྱལ་ཁབ་ཀྱི་སློབ་སྟོན་པ་ལྕམ་ཨཱང་སེན་སོ་ཀེའུ་ལགས་ལ་ནང་པ་མང་ཤོས་སུ་གྱུར་བའི་འབར་མའི་ནང་གི་ཁ་ཆེ་དང་ནང་པའི་བར་གྱི་རྩོད་སྙོག་ཞི་མཐུན་ཡོང་ཐབས་བྱེད་དགོས་སྐོར་གསུངས་དོན། “ལྕམ་ཨཱང་སེན་སོ་ཀེའུ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་ཞིག་ཡིན་སྟབས། ཁོ་མོར་བཟང་སྤྱོད་ཀྱི་ཐོག་ནས་འབར་མའི་ནང་གི་རྩོད་རྙོག་རང་བཞིན་ཅན་གྱི་ཁ་ཆེ་དང་ནང་པའི་བར་གྱི་དཀའ་ངལ་དེ་སེལ་དགོས་པའི་འོས་འགན་ཡོད་པ་རེད།” ཅེས་གསུངས་ཡོད་འདུག

ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་༧གོང་ས་མཆོག་གིས། “འབར་མའི་ནང་གྲྭ་བ་ཁག་ཅིག་གིས་ཁ་ཆེ་མི་སེར་ཚོའི་ཐོག་ཀུན་སློང་ངན་པ་འཛིན་བཞིན་ཡོད་པ་འདྲ། ནང་པ་སངས་རྒྱས་པ་ཞིག་ཡིན་པའི་ཆ་ནས་ཀུན་སློང་སྡུག་པ་དེ་འདྲའི་རིགས་སེམས་ལ་འཁོར་སྐབས་སངས་རྒྱས་ཀྱི་ཞལ་ཡིད་ལ་སྒོམ་དགོས་” ཞེས་དང་། “གལ་སྲིད་སངས་རྒྱས་བཅོམ་ལྡན་འདས་འདིར་བཞུགས་ཡོད་ཚེ། ཁོང་གིས་ཁ་ཆེའི་ཆོས་ལུགས་ཀྱི་གཅེན་པོ་དང་གཅེན་མོ་རྣམས་སྲུང་སྐྱོབ་བྱ་ངེས་ཡིན” ཞེས་སོགས་གསུངས་ཡོད།

༢༠༡༢ ལོའི་ཕྱི་ཟླ་ ༦ པའི་ནང་འབར་མའི་མངའ་སྡེ་རེཀ་ཧེན་(Rakhine) ནང་དུ་ཡོད་པའི་རཱོ་ཧིང་གཱ་ཡ་ཁ་ཆེ་ཕོ་གསར་སྐོར་ཞིག་གིས་ནང་པའི་བུ་མོ་ཞིག་ལ་བཙན་གཡེམ་བཏང་ཡོད་པ་དང་། སྐབས་དེར་ས་གནས་དེའི་ནང་པ་བ་ཚོས་མངའ་སྡེ་གཞུང་ལ་ལོག་སྤྱོད་པ་དེ་དག་ལ་ཉེས་ཆད་གཏོང་དགོས་པའི་སྐུལ་མ་བཏང་ཡོད་ཀྱང་། ཁ་ཆེའི་ཆོས་ལུགས་ཀྱིས་ཤན་ཤུགས་ཆེ་བའི་མངའ་སྡེ་དཔོན་རིགས་ཚོས་དེར་སྣང་མེད་བཏང་ཡོད་སྟབས། ནང་པ་མང་པོ་ཞིག་ཡར་ལངས་བྱས་ཏེ་ཁ་ཆེ་མི་སེར་ཚོར་འཁྲུག་འཛིང་བྱས་ཤིང་། རཱོ་ཧིང་གཱ་ཡ་ཁ་ཆེ་གྲངས་ཉུང་མི་རིགས་ནི་འབར་མ་གཞུང་གིས་ངོས་ལེན་མེད་པའི་རིགས་རྒྱུད་ཞིག་ཆགས་ཡོད་སྟབས། འབར་མའི་ནང་པ་དང་ཁ་ཆེ་བར་གྱི་རྩོད་སྙོག་ཁྲོད་རཱོ་ཧིང་གཱ་ཡ་ཁ་ཆེའི་མི་མང་པོ་ཞིག་རྐྱེན་ལམ་དུ་ཕྱིན་ཡོད་འདུག

གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༧/༠༦/༡༣

Leave a Reply

4 thoughts on “ནང་པའི་བྷིན་ལཱ་ཌན་ཟེར་བའི་གྲྭ་བ་ཞིག་འདུག

  1. ཁ་ཆེས་ནང་པའི་བུ་མོར་བཙན་ཡེམ་བཏངས་པ་དེ་ཁྲིམས་ལ་སྟུག་ཀྱང་ངོས་ལེན་མ་བྱས་པར་རྟེན། ནང་པ་ཚོ་འུ་ཐུག་ནས་ཁ་ཆེ་ཚོ་དང་འཁྲུག་འཛིང་ཤོར་བ་རེད་

  2. དང་པོ་རྕོད་ཉོག་དེ་སུ་ཕྱོགས་ནས་མགོ་བཙུགས་འདུག་དེ་ལ་བསམ་བློ་གཏོང་རྒྱུ་གལ་ཆེ།
    མ་གཏོགས་ཁ་ཆེ་ཚོས་ནང་པའི་བུ་མོར་བཙན་ཡེམ་ཏོངས་དུས་ཡང་སངས་རྒྱས་ཀྱི་ཞལ་སྒོམས་ནས་སྡོད་དགོས་ན། མ་འོངས་པར་སེ་སོའི་རྐང་པ་འཇོག་སའི་ས་ཡང་མེད་པར་བོད་ལྟར་འགྱུར་ཉེན་ཆེ། ཁ་ཆེ་རྣམས་མི་ཅི་འདྲ་པ་ཡིན་འཛམ་བུ་གླིང་གི་ཤེས་གསལ་རེད། ནང་པའི་བུ་མོར་བཙན་ཡེམ་གཏང་པའི་གྱོད་དེ་དཔོན་པོར་བཞུས་ཀྱང་ཡ་མེད་བཏངས་པ་རེད་འདུག དེ་ལ་རྟེན་ནས་ནང་པའི་གྲྭ་པ་དེའི་ངོ་རྒོལ་བྱས་དེ་ཁོ་ནོར་འཁྲུལ་རེད་པས། ངའི་ངོས་ནས་གྲྭ་པ་དེ་ལ་དགག་པ་མེད།

  3. གཞུང་པ་ཚེ་དབང་བསོད་ནམས་

    མི་རིགས་འཐེན་ཁྱེར་ཕྱོགས་ཞེན་རིང་ལུགས་དང་།
    ཆོས་ལུགས་འཐེན་ཁྱེར་གླད་རྙིང་རིང་ལུགས་སོགས་།
    འཛམ་གླིང་རྒྱལ་ཁབ་ཀུན་ལ་སྲི་ངན་ལངས་།
    བཅོས་སུ་མེད་པ་ཉོན་མོང་བདུག་གི་བསླུས་།
    སྙིང་རྗེའི་ཡུལ་ལས་གཞན་དུ་ཐབས་ལམ་རྫོགས་།