ནང་པའི་གྲྭ་རྐྱང་ཞིག་གིས་ཕྲུ་གུ་ཉམ་ཐག་ཚོར་སློབ་སྦྱོང་གོ་སྐབས་བསྐྲུན།

སྐྱབས་བཅོལ་བའི་གྲྭ་རྐྱང་དཀྱུས་མ་ཞིག་གིས་ནང་ཆོས་ལ་སློབ་གཉེར་གནང་བའི་གྲུབ་འབྲས་ལས་ངེས་འབྱུང་ཟབ་མོ་སྐྱེས་ཏེ་ཉམ་ཐག་པའི་རྒྱ་གར་ཡུལ་མིའི་བྱིས་པ་མང་པོ་ཞིག་ཤེས་རིག་གི་ལམ་དུ་ཁྲིད་དེ་འོད་སྟོང་ལྡན་པའི་མི་ཚེ་བསྐྲུན།

རྒྱ་གར་བང་ཆེན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། གྲྭ་བ་བློ་བཟང་འཇམ་དབྱངས་ལགས་ནི་ ༡༩༩༧ ལོར་བོད་ནས་རྒྱ་གར་དུ་འབྱོར་ཞིང་། སྐབས་དེར་ཁོང་དགུང་ལོ་ ༢༤ ཡིན་པ་དང་། ཁོང་རྒྱ་གར་དུ་ཡོང་བར་དམིགས་ཡུལ་གཙོ་བོ་གཉིས་ཡོད་པ་རེད། གཅིག་བོད་མི་བྱིངས་ཀྱི་མངོན་འདོད་ལྟར་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཇལ་རྒྱུ་དང་། གཉིས་པ་ནང་ཆོས་ལ་སློབ་གཉེར་བྱེད་པའི་དམིགས་ཡུལ་ཡོད། ཁོང་ཐོག་མ་དྷ་རམ་ས་ལར་འབྱོར་རྗེས་བོད་མི་ཡོངས་ཀྱི་སྙིང་གི་ནོར་བུ་ལྟ་བུའི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མཇལ་ཁ་ཐོབ་ཡོད་པ་དང་། དེའི་རྗེས་རྒྱ་གར་ལྷོ་ཕྱོགས་སུ་ཆགས་པའི་སེ་ར་དགོན་པར་ཞུགས་ཏེ་ནང་ཆོས་སྤྱངས་ཡོད།

༢༠༠༡ ལོར་ཁོང་བསྐྱར་དུ་དྷ་རམ་ས་ལར་ཡོང་ཡོད་པ་དང་། ནང་ཆོས་སྤྱངས་བའི་གྲུབ་འབྲས་ཀྱིས་སྐབས་དེར་ཁོང་ལ་དམིགས་རྒྱ་ཆེ་རུ་སྐྱེད་ཡོད་པའི་སྐོར་བརྗོད་དོན། “ང་རང་རྒྱ་གར་ལྷོ་ཕྱོགས་ཀྱི་དགོན་པའི་ནང་ཡོད་སྐབས། དུས་རྒྱུན་དུ་རྒྱ་གར་གྱི་བྱིས་པ་ཆུང་ཆུང་གཉིས་ཀྱིས་འདུ་ཁང་ཕྱི་རོལ་ནས་ང་ལ་སྒུག་སྟེ། ཚོགས་གྲོལ་བ་དང་ང་དང་ལྷན་དུ་ངའི་ཁང་པའི་སྒོ་འགྲམ་བར་དུ་ཡོང་གི་འདུག ཁོ་གཉིས་ཀྱིས་དུས་རྒྱུན་དུ་ང་ལ་དངུལ་སློང་བའམ་ཡང་ན་ཟ་མ་སློང་གི་འདུག་”ཅེས་བརྗོད།

ཉིན་ཞིག་གྲྭ་བ་བློ་བཟང་ལགས་ཀྱིས་བྱིས་པ་དེ་གཉིས་ཀྱིས་གད་སྙིགས་ཁྲོད་ནས་ཟ་མ་འཚོལ་བཞིན་པ་མཐོང་ཡོད། དེའི་སྐོར་ཁོང་གིས། “ངས་ཐོག་མར་བསམ་པ་ནི་བྱིས་པ་དེ་ཚོས་སྲིང་ལམ་དང་གད་སྙིགས་ཁྲོད་ནས་ཟས་ལྷག་བཏུས་ཏེ་ཟ་བཞིན་ཡོད་སྟབས། རྒྱུན་རིང་པོར་འཚོ་ཐུབ་ས་མ་རེད་བསམ་པའི་སེམས་འཁུར་སྐྱེ་ཡང་། སྐབས་དེར་ང་རང་ལ་བྱིས་པ་དེ་ཚོར་རོགས་རམ་བྱེད་པའི་ནུས་པ་མེད་པ་མ་ཟད་རྒྱ་གར་གྱི་སྐད་ཡིག་སོགས་གང་ཡང་མི་ཤེས་ལ། ཕྱོགས་གཞན་ཞིག་ནས་ང་རང་གི་ངོ་ཤེས་མང་ཆེ་བས་གད་སྙིགས་སྒྲུག་མཁན་བྱིས་པ་དེ་ཚོ་རྐུན་མ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་” ཅེས་བརྗོད་ཡོད།

གནས་ཚུལ་དེས་ད་ལྟ་དགུང་ལོ་ ༤༤ ཡིན་པའི་གྲྭ་བ་བློ་བཟང་ལགས་ལ་ནང་པའི་ཚོར་བ་ཤུགས་དྲག་བསླངས་ཡོད་པ་སྟེ་ཁོང་གིས། “ ང་རང་༧གོང་ས་ཏཱ་ལའི་བླ་མའི་རྗེས་འབྲང་བ་ཞིག་ཡིན་པ་དང་། ལྷག་པར་དུ་ནང་པ་སངས་རྒྱས་པའི་སློབ་གཉེར་བ་ཞིག་ཡིན་པའི་ཆ་ནས། གནས་སྟངས་འདིའི་རིགས་མི་སུ་ལའང་མ་བྱུང་ན་བསམ་པའི་ཚོར་ཤུགས་ཀྱིས་ང་རང་རྒྱུན་པར་ཚ་འདེད་གཏོང་གི་འདུག” ཅེས་བརྗོད་ཡོད།

རྒྱ་གར་ནང་སྐྱབས་བཅོལ་བའི་མིང་བྱང་འོག་ཡོད་པའི་གྲྭ་བ་ཞིག་གིས་དྷ་རམ་ས་ལའི་ཉེ་འགྲམ་སཱ་ར་གྲོང་གསེབ་དུ་ ༼ སྟོང་ལེན་རོགས་སྐྱོར་ཐེབས་རྩ་ཚོགས་པ ༽ ཞེས་པ་ཞིག་བཙུགས་ཏེ་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་རྒྱབ་སྐྱོར་འོག ཁ་ལ་ཟ་མ་དང་སྡོད་སའི་ཁང་པ་སོགས་ངེས་བརྟན་མེད་པའི་པའི་དབུལ་པོའི་བྱིས་པ་མང་པོ་ཞིག་ལ་སྡོད་གནས་བསྐྲུན་ཡོད། དེང་སྐབས་སྟོང་ལེན་རོགས་སྐྱོར་ཐེབས་རྩ་ཚོགས་པར་བྱིས་པ་ ༡༠༧ ཡོད་པ་དང་། སྟོང་ལེན་གྱི་གོ་སྒྲིག་འོག་བྱིས་པ་དེ་ཚོ་རྒྱ་གར་(Dayanand Model Senior)སློབ་གྲྭར་སློབ་སྤྱོང་བྱེད་བྱེད་པའི་གོ་སྐབས་ཀྱང་རག་གི་ཡོད་ལ། གྲྭ་བློ་བཟང་ལགས་ཀྱིས་བྱིས་པ་དེ་ཚོར་སྡོད་གནས་དང་ཁ་ལག དེ་བཞིན། སློབ་གྲྭའི་སྒྲིག་ཆས་སོགས་མཁོ་སྤྲོད་བྱས་ཏེ་ཁོ་ཚོར་སློབ་སྤྱོང་ལ་འབད་བརྩོན་ཞུ་ཆོག་ཆོག་གི་མཐུན་རྐྱེན་བསྐྲུན་ཡོད།

ལོ་ན་ ༡༧ ཡིན་པའི་བུ་མོ་ཕིན་སྐྱི་(Pinky)ལགས་ཀྱིས་སློབ་འབྲིང་གི་ཡིག་རྒྱུགས་ཁྲོད་ཚན་རིག་སློབ་ཚན་ལ་བརྒྱ་ཆ་ ༧༥ བླངས་ཡོད་འདུག་ལ། ཁོ་མོས། “ངས་ཟུར་སྤྱོང་བྱས་ཏེ་སྨན་གྱི་ཐོག་སྔོན་འགྲོའི་ཚོད་རྒྱུགས་གཏོང་བར་གྲ་སྒྲིག་བྱེད་བཞིན་ཡོད། མ་འོངས་པ་ང་རང་སྨན་པ་ཞིག་བྱ་འདོད་ཡོད།” ཅེས་བརྗོད་པ་དང་། ཁོ་མོའི་ཕ་མ་གཉིས་ཀྱི་ཉིན་གླའི་ངོ་བོར་མི་གཞན་པར་གཡོག་ལས་བྱས་ཏེ་ཁ་གསོ་ཐབས་བྱེད་ཀྱིན་ཡོད་འདུག

སྐུ་ཞབས་མཱེ་ནཱ་ཁི་གཱ་ཊམ་(Meenakshi Gautam)ལགས་ཀྱིས། “ང་ཚོས་སྟོང་ལེན་དང་ལྷན་དུ་མཉམ་འབྲེལ་བྱས་ཏེ་སློབ་ཕྲུག་ ༡༠༠ ལྷག་ལ་སློབ་གསོ་སྤྲོད་རྒྱུའི་གོ་སྐབས་སྤྲོད་ཐུབ་པ་བྱུང་བར་ཧ་ཅང་གཟི་བརྗིད་དང་བསོད་ནམ་ཆེན་པོ་རེད་བསམ་གྱི་ཡོད།” ཅེས་བརྗོད་པ་དང་། སྐུ་ཞབས་ཁོང་ནི་རྒྱ་གར་(Dayanand Model Senior)སློབ་གྲྭའི་སློབ་སྤྱི་རེད།

གྲྭ་བ་བློ་བཟང་ལགས་ཀྱིས། དེ་སྔོན་ཁོ་རང་གིས་བྱིས་པ་དག་གི་ཕ་མ་ཚོར་ཟླ་རེར་ཧིན་སྒོར་ ༡༥༠ རེ་སྤྲད་མྱོང་ཡོད་ཀྱང་། “ད་ལྟ་སྟོང་ལེན་ནང་བྱིས་པ་འཇོག་མཁན་མང་པོ་ཆགས་ཡོད་སྟབས། ང་ཚོས་སྟོང་ལེན་ནང་ལོགས་ཀྱི་མཐུན་རྐྱེན་ཇེ་ལེགས་སུ་གཏོང་ཐབས་ལ་འབད་བརྩོན་བྱེད་བཞིན་ཡོད་”ཅེས་བརྗོད་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༠༦/༡༣

Leave a Reply