ནུབ་བཞིན་པའི་ཐེ་ལན་ཌིའི་དམངས་གཙོ།

ཐེ་ལན་ཌིའི་ཁྲིམས་ཁང་གིས་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་སྐུ་ཞབས་པཱར་བེ་ཊི་ལགས་ཀྱིས་ངོ་དེབ་སྟེང་རྒྱལ་ཁབ་དེའི་རྒྱལ་པོར་སྐྱོན་བརྗོད་བྱས་བའི་ཉེས་མིང་འོག་ལོ་ ༡༥༠ ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཨལ་ཇཱ་ཛེ་ར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཐེ་ལན་ཌིའི་ཁྲིམས་ཁང་གིས། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་སྐུ་ཞབས་པཱར་བེ་ཊི་(Prawet Prapanukul) ལགས་ཀྱིས་ངོ་དེབ་བརྒྱུད་དེ་ཐེ་ལན་ཌིའི་རྒྱལ་པོ་གཙོ་བྱས་ཏེ། སྲིད་གཞུང་གི་དབང་འཛིན་པ་ ༡༠ ལ་སྐྱོན་བརྗོད་བྱས་བའི་ཉེན་མིང་འོག་སྐྱོན་བརྗོད་བྱེད་ཡུལ་གཅིག་རེའི་ཉེས་ཆད་ལོ་ ༡༥ རེ་བཅས་ཁྱོན་ལོ་ ༡༥༠ ཡི་བཙོན་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

ཐེ་ལན་ཌའི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་སྐུ་ཞབས་ཨ་ནོ་ནཱམ་པཱ་(Anon Nampa)ལགས་ཀྱིས་ “ཐེ་ལན་ཌིའི་རྒྱལ་ཁྲིམས་ནང་ཉེས་ཆད་རིང་ཤོས་ལོ་ངོ་ ༥༠ ལས་ལྷག་ཁྲིམས་ཐག་གཅོད་མི་ཆོག”ཅེས་འཁོད་ཡོད་པ་དང་། ངས་བསམ་ན་སྐུ་ཞབས་པཱར་བེ་ཊིའི་ངོ་དེབ་སྟེང་རྒྱལ་པོར་སྐྱོན་བརྗོད་བྱས་པ་མིན་པར། ཐེ་ལན་ཌིའི་ཁྲིམས་ཁང་གིས་ཁྲིམས་འགལ་གྱི་ཐག་གཅོད་ཅིག་བྱས་ཡོད་པར་མཐོང་གི་འདུག་ཅེས་བརྗོད་ཡོད། སྐུ་ཞབས་པཱར་བེ་ཊི་ཡིས་ཡང་སྙིང་ཅི་ཞིག་ངོ་དེབ་སྟེང་བྲིས་ཡོད་པ་སུ་ལའང་ཁ་གསལ་བཤད་རྒྱུ་མེད། འོན་ཀྱང་། ཧྥ་རན་སིའི་གསར་ཁང་གིས་སྐུ་ཞབས་ཁོས་ཉེ་ཆར་ཐེ་ལན་ཌིའི་མི་མང་ལ་རྒྱལ་པོ་སྒྲིག་ཁྲིམས་ཀྱི་ས་མཚམས་ལས་བརྒལ་ཡོད་པའི་སྐུལ་སློང་བྱས་ཡོད་སྐོར་བཀོད་འདུག

ཟླ་སྔོན་མའི་ཕྱི་ཚེས་ ༢༩ ཉིན་ཐེ་ལན་ཌའི་ཉེན་རྟོག་པས་སྐུ་ཞབས་པཱར་བེ་ཊི་ལགས་ཀྱི་ཁང་པའི་ནང་སྔོག་བཤེར་བྱས་རྗེས་ཁོ་འཛིན་བཟུང་བྱས་ཡོད་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་ཐེ་ལན་ཌིའི་དམག་མིའི་གཞུང་ལ་སྐུ་ཞབས་ཁོང་ལ་དྲང་བདེན་གྱི་ཐག་གཅོད་བྱེད་དགོས་བ་བརྗོད་ཡོད་ཀྱང་། ཐེ་ལན་ཌིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་པ་སྐུ་ཞབས་སའོ་ནེས་ཧྥ་སཱོག་(Sunai Phasuk)ལགས་ཀྱིས་རུ་ཊིར་གསར་ཁང་ལ་ “ཐེ་ལན་ཌིའི་རྒྱལ་པོར་སྐྱོན་བརྗོད་དང་གྱེན་ལོག་བྱས་ན་དེ་ལ་དྲང་བདེན་དག་སྐྱེལ་བྱེད་སྟངས་ཀྱི་ཁྲིམས་མེད་”ཅེས་དང་། ཐེ་ལན་ཌིའི་དམག་མིའི་གཞུང་གིས་ནམ་རྒྱུན་རྒྱལ་པོའི་རིང་ལུགས་ལ་ཁ་གཡར་ཏེ། གཞུང་དང་འགལ་ཟླ་ཡིན་པའི་བསམ་ཚུལ་འཛིན་མཁན་དང་གཏམ་བརྗོད་སྤེལ་མཁན་སོགས་ལ་བཙན་ཤུགས་བཀོལ་ཏེ་བཀག་སྡོམ་བྱེད་ཀྱིན་ཡོད་ཅེས་བརྗོད་ཡོད།

གཞན། ཐེ་ལན་ཌིའི་ཁྲིམས་ཁང་གིས་མི་གཞན་ལྔའང་འཛིན་བཟུང་གསང་བཀག་བྱས་ཡོད་པ་དང་། ཁོ་ཚོའི་སྐོར་གྱི་གནས་ཚུལ་གང་ཡང་ཕྱི་བསྒྲགས་བྱས་མེད་ཀྱང་། སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་མི་དེ་དག་གིས་ངོ་དེབ་སྟེང་ཐེ་ལན་ཌིའི་རྒྱལ་པོའི་རིང་ལུགས་ ༡༩༣༢ ལོར་མཇུག་བསྡུས་ཟིན་སྐོར་གྱི་རྩོམ་ཡིག་ཅིག་བཀྲམ་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཚུལ་བཀོད་ཡོད།

སྐུ་ཞབས་ཨ་ནཱོ་ལགས་ཀྱིས་ཁོ་ཚོས་༼ ནུབ་བཞིན་པའི་ཐེ་ལན་ཌིའི་དམངས་གཙོ། ༽ ཞེས་བའི་རྩོམ་ཡིག་ཅིག་ངོ་དེབ་སྟེང་བརྒྱུད་འགོད་བྱས་སྟབས་འཛིན་བཟུང་བྱས་བ་རེད། འོན་ཀྱང་། ཉེན་རྟོག་པས་རྩོམ་ཡིག་དེའི་རྒྱབ་ལྗོངས་ལ་ཞིབ་འཇུག་མི་བྱེད་པར་གང་བྱུང་མི་མང་འཛིན་བཟུང་བྱས་ནི་ཁྲིམས་འགལ་ཡིན་ཚུལ་བརྗོད་ཡོད། རྩོམ་ཡིག་དེ་འབྲི་མཁན་ཧྥ་རན་སིར་གནས་སྡོད་ཐེ་ལན་ཌིའི་ལོ་རྒྱུས་མཁས་དབང་སྐུ་ཞབས་སཱོམ་སཱག་ཇཱེམ་(Somsak Jeamteerasakul)ལགས་ཡིན་འདུག

ཐེ་ལན་ཌིའི་ལོ་རྒྱུས་མཁས་དབང་སྐུ་ཞབས་སཱོམ་སཱག་ཇཱེམ་ལགས་ཀྱིས་ཟླ་སྔོན་མའི་ནང་ནུབ་བཞིན་པའི་ཐེ་ལན་ཌིའི་དམངས་གཙོ་ཞེས་བའི་དཔྱད་རྩོམ་དེ་བྲིས་ཡོད་པ་དང་། དེས་ཐེ་ལན་ཌིའི་དམག་མིའི་སྲིད་གཞུང་དང་རྒྱལ་པོའི་རིང་ལུགས་ལ་ཕོག་ཐུག་བཟོས་ཡོད་སྟབས། ཟླ་སྔོན་མ་ནས་བཟུང་ཐེ་ལན་ཌིའི་གཞུང་གིས་མི་མང་ལ་སྐུ་ཞབས་སཱོམ་སཱག་ཇཱེམ་ལགས་ཀྱི་རྩོམ་ཡིག་དེ་སྤྱི་ཚོགས་དྲ་ལམ་ཁག་ཏུ་བརྒྱུད་སྐུར་བྱས་ཚེ་ཁྲིམས་ཆད་ཕོག་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཞིང་། དེའི་རྗེས་ཁོ་ཚོས་དམངས་གཙོ་དོན་གཉེར་བ་དང་རང་དབང་འཐབ་རྩོད་པ་སོགས་མི་ཉུང་བ་ཞིག་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

༢༠༡༤ ལོའི་ཟླ་ ༥ ཚེས་ ༢༢ ཉིན་ཐེ་ལན་ཌིའི་དམག་མིའི་གཞུང་གིས་རྒྱལ་ཁབ་དེའི་སྲིད་དབང་སྟངས་འཛིན་བྱས་ཡོད་པ་དང་། དུས་དེ་ནས་བཟུང་ཁོ་ཚོས་ཐེ་ལན་ཌིའི་ནང་དམ་དྲག་ཆེ་རུ་བཏང་སྟེ་དམངས་གཙོའི་འཐབ་རྩོད་པ་དང་ཆབ་སྲིད་པ། རང་དབང་འཐབ་རྩོད་པ། གསར་འགོད་པ་སོགས་མི་མང་བརྒྱ་ཕྲག་ལྷག་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། ད་ལྟ་ཐེ་ལན་ཌིའི་དམག་མིའི་སྲིད་གཞུང་ནི་དེ་སྔ་ལས་ཀྱང་དབང་ཤུགས་དང་དམ་དྲག་ཆེ་བའི་གཞུང་ཞིག་ཆགས་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༠༥/༠༧

Leave a Reply