དེ་རིང་པཎ་ཆེན་རིན་པོ་ཆེ་བོར་ནས་ལོ་ ༢༢ འཁོར་བའི་ཉི་མ་རེད།

དྷ་སའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གིས་རྒྱ་གཞུང་གིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་བཙན་ཁྲིད་བྱས་པའི་ཉི་མ་དང་བསྟུན་ཏེ་རྒྱལ་སྤྱིའི་ཐོག་ནས་ཆུང་སྲིད་ཁོང་འཚོལ་རོགས་བྱེད་དགོས་པའི་ལས་འགུལ་སྤེལ་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་། བོད་ཀྱི་བུད་མེད་ལྷན་ཚོགས་དབུས་ས་གཉིས་ཀྱི་གོ་སྒྲིག་འོག རྒྱ་ནག་གཞུང་གིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་འཁྲིད་བྱས་པའི་ཉིན་མོ་དང་བསྟུན་ཏེ། དྷ་སའི་གཙུག་ལག་ཁང་གི་དཔའ་བོའི་དྲན་རྟེན་རྡོ་རིང་མདུན་ནས་དྷ་ཤོད་ཀ་ཅ་རིལ་བར་གོམ་བགྲོད་ལས་འགུལ་ཅིག་སྤེལ་སོང་།

དྷ་ས་ས་གནས་གཞོན་ནུ་དང་བུད་མེད་ཚོགས་པ། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱིས་མེག་གྷན་རླངས་འཁོར་འབབ་ཚུགས་དང་གཙུག་ལག་ཁང་གཉིས་སུ་རྒྱ་གཞུང་གིས་པཎ་ཆེན་རིན་པོ་ཆེ་མཆོག་བཙན་འཁྲིད་བྱས་པའི་རྣམ་པ་མཚོན་པའི་གཏམ་བརྗོད་ཅིག་ཀྱང་འཁྲབ་སྟོན་གནང་སོང་།

དྷ་ས་ས་གནས་བུད་མེད་ཚོགས་གཙོ་དབྱངས་ལྷ་ལགས་ཀྱིས་གསར་འགོད་པར་བརྗོད་དོན། དེ་རིང་ནི་༧གོང་ས་མཆོག་གིས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་ཡང་སྲིད་དུ་ངོས་འཛིན་གནང་བའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་ལོ་དྲུག་གི་སྟེང་རྒྱ་གཞུང་གིས་བཙན་འཁྲིད་བྱས་ཏེ་མི་ལོ་ཧྲིལ་བོ་ ༢༢ འཁོར་བའི་ཉིན་མོ་ཡིན་པ་དང་། རྒྱ་གཞུང་གིས་པཎ་ཆེན་རིན་པོ་ཆེ་མཆོག་བཙན་འཁྲིད་བྱས་ནས་ད་བར་ཁོང་གར་ཡོད་ཅི་བྱུང་གི་གནས་ཚུལ་ཤེས་རྟོགས་ཐུབ་མེད་སྟབས་ང་ཚོས་ལས་འགུལ་འདི་སྤེལ་གྱིན་ཡོད་པ་དང་། དེ་རིང་ཞོགས་པར་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་དང་དྲུང་ཆེ་གཉིས་ཀྱིས་རྒྱ་གར་རྒྱལ་ས་ལྡི་ལིར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་ཁབ་ཁག་གི་གཞུང་ཚབ་ཁང་ཁག་དང་། བོད་དོན་རྒྱབ་སྐྱོར་བ་ཚང་མར་ཞུ་གཏུག་བྱེད་ཀྱིན་ཡོད། ཅེས་སོགས་བརྗོད་བྱུང་།

བུད་མེད་ལྷན་ཚོགས་ཀྱི་གསར་འགོད་གསལ་བསྒྲགས་ནང་། ང་ཚོ་བོད་མི་ཚོས་༧གོང་ས་མཆོག་དང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་རྣམ་གཉིས་ནི་ཉི་ཟླ་ལྟར་བོད་བརྒྱུད་ནང་བསྟན་གྱི་བླ་སྲོག་དང་། བོད་མི་མང་གི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུར་ངོས་འཛིན་ཞུ་བཞིན་ཡོད། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ ༡༩༨༩ ལོའི་ཟླ་ ༡ ཚེས་ ༢༨ ཉིན་གནས་སྟངས་གསལ་ཁ་མེད་པའི་དོགས་གཞིའི་འོག་གློ་བུར་སྐུ་གཤེགས་པ་དང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ ༡༩༨༩ ཟླ་ ༤ ཚེས་ ༢༥ ཉིན་ནག་ཆུ་ཁུལ་ལྷ་རི་རྫོང་དུ་ཡབ་དཀོན་མཆོག་ཕུན་ཚོགས་དང་ཡུམ་བདེ་ཆེན་ཆོས་སྒྲོན་གཉིས་ཀྱི་སྲས་སུ་སྐུ་བལྟམས་པ་དང་། ཁོང་དགུང་གྲངས་ ༦ ལ་ཕེབས་སྐབས་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གྱིས་ཡོངས་ཁྱབ་གསལ་བསྒྲགས་གནང་བ་མ་ཟད། ཡང་སྲིད་རིན་པོ་ཆེ་མཆོག་བཀྲ་ཤིས་ལྷན་པོ་དགོན་པར་སློབ་གཉེར་གསན་བཞེས་དང་། ཆོས་ཕྱོགས་ཀྱི་མཛད་འགན་བཞེས་རྒྱུར་རྒྱ་གཞུང་གིས་མཐུན་འགྱུར་རོགས་རམ་ཡོང་བའི་རེ་འདུན་བཏོན་ཡོད། ཡིན་ནའང་རྒྱ་དམར་གཞུང་གིས་དེ་ལས་ལྡོག་སྟེ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་པཎ་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ཡབ་ཡུམ་འཁོར་དང་བཅས་པ་བཙན་འཁྲིད་བྱས་པ་དང་། འདས་པའི་ལོ་ངོ་ ༢༢ རིང་ཁོང་གར་སོང་ཆ་མེད་ཆགས་ཡོད། ཁོང་ནི་འཛམ་གླིང་སྟེང་ཆབ་སྲིད་བཙོན་མ་དགུང་གྲངས་ཆུང་ཤོས་དེ་ཆགས་ཡོད། ཅེས་སོགས་འཁོད་འདུག

གཞོན་ལྷན་དང་བུད་མེད་ཚོགས་པ། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་མཉམ་འབྲེལ་ཐོག་དགོས་འདུན་དོན་ཚན་གཉིས་བཏོན་ཡོད་པ་ནི། དང་པོ། རྒྱ་གཞུང་གིས་སོ་སོའི་དགོས་མཁོ་སྒྲུབ་ཐབས་སུ་སྙིང་རྗེ་མེད་པའི་མནར་གཅོད་གཏོང་བ་སོགས་ཀྱིས་བོད་མི་རིགས་ཀྱི་སེམས་ངོར་རྨ་ཁ་བཟོ་བ་ལས་དུས་ནམ་ཡང་ང་ཚོའི་ལ་རྒྱ་དང་སེམས་ཤུགས་རྡོག་རོལ་དུ་གཏོང་ཐབས་མེད་སྟབས། པཎ་ཆེན་རིན་པོ་ཆེ་མཆོག་ད་ལྟ་གང་དུ་བཞུགས་ཡོད་མེད་དང་། གནས་སྟངས་གང་འདྲ་ཡོད་པ་འཛམ་གླིང་ལ་གསལ་བོ་བཟོ་དགོས་པ་དང་། གཉིས་པ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་པཎ་ཆེན་རིན་པོ་ཆེ་མགྱོགས་མྱུར་ཀློད་གྲོལ་ཡོང་བར་རྒྱབ་སྐྱོར་གནང་དགོས་པ་བཅས་འཁོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༥/༡༧

Leave a Reply