པཱ་ཀི་སི་ཐན་ནང་གི་རྒྱ་མི་གཉིས་བཙན་ཁྲིད་བྱས་འདུག

པཱ་ཀི་སི་ཐན་ནང་རྒྱ་ཡིག་སློབ་ཁྲིད་བྱེད་བཞིན་པའི་རྒྱ་རིགས་བཟའ་མི་གཉིས་པཱ་ཀི་སི་ཐན་གྱི་དམག་ཆས་གྱོན་ཡོད་པའི་མི་འགས་བཙན་ཁྲིད་བྱས་པ་དེ་གང་མགྱོགས་འཚོལ་ཞིབ་བྱེད་དགོས་སྐོར་རྒྱ་ནག་གཞུང་གིས་བརྗོད་འདུག

རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་པཱ་ཀི་སི་ཐན་ནང་སྡོད་པའི་རྒྱ་ནག་གི་མི་སེར་ཚོའི་བདེ་འཇགས་ཆེད་པཱ་ཀི་སི་ཐན་གཞུང་གིས་དམག་མི་ཇེ་མང་དུ་བཏང་སྟེ་སྲུང་སྐྱོབ་ཡག་པོ་བྱེད་དགོས་པའི་བརྡ་བཏང་ཡོད་འདུག

པཱ་ཀི་སི་ཐན་གྱི་བྷ་ལཱོ་ཅི་སི་ཐན་གྱི་རྒྱལ་ས་ཀུཏ་ཊཱ་(Quetta)ཞེས་པའི་སློབ་གྲྭ་ཞིག་ཏུ། རྒྱ་མི་བཟའ་ཟླ་གཉིས་ཀྱིས་རྒྱ་ཡིག་སློབ་ཁྲིད་བྱེད་ཀྱིན་ཡོད་པ་དང་། ཟླ་འདིའི་ཚེས་ ༢༤ ཉིན་གློ་བུར་དུ་ཁོ་གཉིས་ཀྱི་ཁང་པའི་ནང་པཱ་ཀི་སི་ཐན་གྱི་དམག་ཆས་གྱོན་པའི་མི་གསུམ་འཛུལ་ཡོང་སྟེ། ཁོ་གཉིས་སྟེང་མེ་མདའ་སྐོར་ནས་འཛིན་བཟུང་གིས་སྣུམ་འཁོར་དཀར་པོ་ཞིག་གི་ནང་བཅུག་ཏེ་བཙན་ཁྲིད་བྱས་ཡོད་འདུག པཱ་ཀི་སི་ཐན་གཞུང་གིས་ད་བར་རྒྱ་རིགས་བཟའ་མི་གཉིས་བཙན་ཁྲིད་བྱེད་མཁན་སུ་ཞིག་ཡིན་པ་དང་ཅི་ཕྱིར་བཙན་ཁྲིད་བྱས་པ་སོགས་ཀྱི་ཁུངས་སྣེ་གང་ཡང་རྙེད་མེད།

ཁ་སང་རྒྱ་ནག་ཕྱི་དྲིལ་བློན་ཆེན་གྱི་མགྲིན་ཚབ་པས་པ་ལཱུ་ཀང་(Lu Kang)གིས་པཱ་ཀི་སི་ཐ་གཞུང་ལ་གང་མགྱོགས་ཐབས་ཤེས་འཐེན་ཏེ། རྒྱ་ནག་གི་མི་སེར་དེ་གཉིས་བདེ་ཐང་ངང་སྐྱོབ་ཐུབ་བྱེད་དགོས་པ་དང་། པཱ་ཀི་སི་ཐན་ནང་གི་རྒྱ་རིགས་མི་སེར་ཡོངས་ཀྱི་བདེ་འཇགས་ལ་འགན་སྲུང་ནན་མོ་བྱེད་དགོས་ཚུལ་དང་། རྒྱ་གཞུང་གིས་རང་གི་མི་སེར་འཛམ་གླིང་གི་ས་ཕྱོགས་གང་དུ་ཡོད་ཀྱང་། ཁོང་ཚོའི་བདེ་འཇགས་ལ་གཙིགས་ཆེན་བྱེད་ཀྱི་ཡོད་སྟབས། བཙན་ཁྲིད་དང་འཇིགས་སྐུལ་སོགས་ཀྱི་བྱ་སྤྱོད་ངན་པའི་རིགས་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་གདོང་ལེན་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་འདུག ད་དུང་ཁོས། “རྒྱ་ནག་གཞུང་གིས་པཱ་ཀི་སི་ཐན་གཞུང་དམག་དང་མཉམ་འབྲེལ་བྱས་ཏེ། བཙན་ཁྲིད་བྱས་ཟིན་པའི་བཟའ་ཟླ་དེ་གཉིས་འཚོལ་ཞིབ་བྱས་ཏེ་གང་མགྱོགས་གནད་དོན་གསལ་བོ་བཟོ་རྒྱུ་ཡིན” ཞེས་བརྗོད་འདུག

རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་སྟེང་གི་རྩོམ་ཡིག་ཅིག་ཏུ། བྷ་ལཱོ་ཅི་སི་ཐན་ནི་རྒྱ་ནག་དང་པཱ་ཀི་སི་ཐན་གྱི་དཔལ་འབྱོར་གླེང་སྟེགས་(China Pakistan Economic Corridor/ CPEC) ཞེས་པའི་འཛུགས་སྐྲུན་དང་ཚོང་འབྲེལ་ལས་གཞི་དེའི་ས་ཁུལ་ལྟེ་བ་ཆགས་ཡོད་པ་དང་། གླེང་སྟེགས་དེར་རྒྱལ་ཁབ་གཉིས་བར་གྲོས་བསྡུར་བྱས་ཏེ་ཕྱོགས་གཉིས་མོས་མཐུན་ཐོག་ཐག་གཅོད་བྱས་པ་ཡིན་ཡང་། ཐེངས་འདིའི་དོན་རྐྱེན་དེས་ལས་དོན་དེར་འདོད་པ་མེད་མཁན་ཚོས་ལྐོག་ཇུས་བཤམས་ཏེ་ངོ་རྒོལ་བྱེད་ཀྱི་ཡོད་པ་བསྟན་ཡོད་སྐོར་འཁོད་འདུག

ན་ནིང་པཱ་ཀི་སི་ཐན་གྱི་ལྷོ་ཕྱོགས་སུ་པཱ་ཀི་སི་ཐན་གྱི་ཁ་བྲལ་རིང་ལུགས་པ་ “སཱིན་དུ་དྷེཥ་གསར་བརྗེའི་དམག་”(Sindhudesh Revolutionary Army) ཞེས་པས་འབར་རྫས་འགད་གཏོར་བྱས་པའི་ཁྲོད་རྒྱ་ནག་གི་བཟོ་ལས་འཆར་འགོད་པ་ཞིག་རྐྱེན་འདས་སུ་སོང་ཡོད་པ་དང་། སྐབས་དེར་ཁ་བྲལ་རུ་ཚོགས་དེས་པཱ་ཀི་སི་ཐན་དང་རྒྱ་ནག་གི་དཔལ་འབྱོར་མཉམ་ལས་དེར་ངོ་རྒོལ་ཡོད་སྐོར་ཁ་གསལ་བོའི་ཐོག་ནས་གསལ་བསྒྲགས་སྤེལ་ཡོད་འདུག

སྐབས་དེར་པཱ་ཀི་སི་ཐན་གྱི་སྲིན་བློན་གྱིས་རྒྱ་ནག་དང་པཱ་ཀི་སི་ཐན་བར་གྱི་དཔལ་འབྱོར་གླེང་སྟེགས་ལམ་ལྷོངས་ཡོང་བ་དང་། པཱ་ཀི་སི་ཐན་ནང་གི་རྒྱ་རིགས་ལས་ཀ་བ་ཚོའི་བདེ་འཇགས་སྲུང་སྐྱོབ་ཆེད། པཱ་ཀི་སི་ཐན་གྱི་དམག་མི་ ༡༥༠༠༠ ཙམ་འཕར་སྣོན་འགྲེམ་འཇོག་བྱས་ཡོད་ཚུལ་བསྒྲགས་ཡོད། རྒྱ་ནག་དང་པཱ་ཀི་སི་ཐན་བར་གྱི་དཔལ་འབྱོར་གླེང་སྟེགས་དེར་མ་དངུལ་ཨ་སྒོར་ཐེར་འབུམ་ ༥༠ གཏོང་འཆར་ཡོད་པ་དང་། ལས་གཞི་དེའི་ཆེད་རྒྱ་རིགས་ལས་ཀ་བ་ ༨༠༠༠ ཙམ་པཱ་ཀི་སི་ཐན་ནང་བསླེབས་ཡོད་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༥/༢༧

Leave a Reply

One thought on “པཱ་ཀི་སི་ཐན་ནང་གི་རྒྱ་མི་གཉིས་བཙན་ཁྲིད་བྱས་འདུག