པཱ་ནཱ་མཱས་ཐའེ་ཝན་ལ་རྒྱབ་གཏད་དེ་རྒྱ་ནག་གི་དཔལ་འབྱོར་ཁེ་ཕན་སྙེག

པཱ་ནཱ་མཱ་གཞུང་གིས་ཡུན་རིང་གི་མཛའ་གྲོགས་རྒྱལ་ཁབ་ཐའེ་ཝན་བློས་བཏང་སྟེ་འཛམ་གླིང་ཐོག་རྒྱ་ནག་གཅིག་ལས་མེད་པའི་རྩ་དོན་ཁས་བླངས་ནས་རྒྱ་གཞུང་དང་མཉམ་འབྲེལ་བྱས།

དེ་རིང་སྔ་དྲོར་རྒྱ་ནག་པེ་ཅིན་དུ་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཝང་ཡས་དང་པཱ་ནཱ་མཱའི(Panama)་སྲིད་བློན་ལྕམ་ཨེ་སཱ་པིལ་སན་མཱ་ལོ་(Isabel Saint Malo)གཉིས་མཇལ་འཕྲད་གནང་སྟེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་པཱ་ནཱ་མཱ་སྤྱི་མཐུན་རྒྱལ་ཁབ་བར་གྱི་ཕྱི་འབྲེལ་མཉམ་ལས་འཛུགས་བསྐྲུན་སྐོར་གྱི་སྤྱི་བསྒྲགས་ཞེས་པར་མཚན་རྟགས་བཀོད་ཡོད་པ་མ་ཟད། རྒྱ་ནག་གཅིག་གི་རྩ་དོན་འོག་པཱ་ནཱ་མཱ་གཞུང་ནས་ཡུན་རིང་གི་མཛའ་འབྲེལ་རྒྱལ་ཁབ་ཐའེ་ཝན་དང་འབྲེལ་ལམ་གཙང་བཅད་བྱ་རྒྱུ་ཁས་བླངས་བར་བརྟེན། ཐའེ་ཝན་གཞུང་གིས་པཱ་ནཱ་མཱ་གཞུང་གིས་སོ་སོའི་དཔལ་འབྱོར་གྱི་ཁེ་ཕན་ཆེད་མཛའ་གྲོགས་རྙིང་པ་བློས་གཏོང་བ་དེར་བློ་ཕམ་ཆེན་པོ་དང་སྦྲགས་བཟང་སྤྱོད་དང་འགལ་ཡོད་པའི་སྐྱོན་བརྗོད་གནང་འདུག

མཇལ་མོལ་གྲོས་ཆོད་བཞག་རྗེས། པཱ་ནཱ་མཱའི་སྲིད་འཛིན་ཇན་ཁར་ལོ་སི་ཝ་རི་ལཱ་ (Juan Carlos Varela)ཡིས་རྒྱལ་ཡོངས་བརྙན་འཕྲིན་ཁང་བརྒྱུད་འཛམ་གླིང་ཡོངས་སུ་རྒྱ་ནག་དང་པཱ་ནཱ་མཱ་གཞུང་བར་གྱི་འབྲེལ་ལམ་གསར་པའི་སྐོར་ཁྱབ་བསྒྲགས་བྱས་ཡོད་པ་དང་། པེ་ཅིན་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཝང་ཡས་ཀྱིས། རྒྱ་ནག་དང་པཱ་ནཱ་མཱ་གཉིས་ནས་རྒྱ་ནག་གཅིག་གི་རྩ་དོན་ནི་ཕྱོགས་གཉིས་ཀྱི་འབྲེལ་ལམ་འཕེལ་རྒྱས་གཏོང་བའི་རྩ་བའི་ཆ་རྐྱེན་དང་ཆབ་སྲིད་ཀྱི་རྨང་གཞི་ཡིན་སྟབས། རྒྱ་ནག་གཅིག་གི་རྩ་དོན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་བརྟན་གནས་དགོས་པར་ཕྱོགས་གཉིས་ནས་མོས་མཐུན་བྱུང་ཡོད་པ་དང་། སྤྱི་བསྒྲགས་ལ་མིང་རྟགས་བཀོད་པའི་ཉིན་མོ་ནས་བཟུང་ཕྱོགས་གཉིས་ནས་ལག་བསྟར་བྱ་རྒྱུ་ཡིན་ལ། འདི་ནི་ལོ་རྒྱུས་རང་བཞིན་ལྡན་པའི་རྒྱ་ནག་དང་པཱ་ནཱ་མཱ་བར་གྱི་འབྲེལ་ལམ་གྱི་ལེའུ་གསར་པ་ཞིག་ཡིན་སྐོར་བརྗོད་འདུག

ཡང་ཕྱི་འབྲེལ་བློན་ཆེན་ཝང་ཡས་ཀྱིས། པཱ་ནཱ་མཱ་ནི་ལ་ཏིན་ཨ་མེ་རུ་ཁའི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་ལ། པཱ་ནཱ་མཱའི་སྲིད་འཛིན་ཇན་ཁར་ལོ་སི་ཝ་རི་ལཱ་ (Juan Carlos Varela)དང་གཞུང་གིས་འདི་འདྲའི་ཆབ་སྲིད་ཀྱི་ཐག་གཅོད་གལ་ཆེན་ཞིག་གནང་བ་དེ་ནི། པཱ་ནཱ་མཱ་རྒྱལ་ཁབ་དང་མི་མང་གི་གཞི་རྩའི་ཁེ་ཕན་དང་ཡོངས་སུ་མཐུན་ཡོད་པ་མ་ཟད། དུས་རབས་ཀྱི་འཕེལ་རྒྱས་གོམ་སྟབས་དང་རྒྱལ་སྤྱིའི་སྤྱི་ཚོགས་ནང་མངོན་པའི་རྒྱ་ནག་གཅིག་གི་ངོས་འཛིན་དང་མཐུན་ཡོད་སྟབས། རྒྱ་ནག་གཞུང་དང་མི་མང་གིས་འདི་ལ་ཚད་མཐོས་བསྔགས་བརྗོད་དང་། པཱ་ནཱ་མཱ་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ནང་ཞུགས་པར་དགའ་བསུ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

རྒྱ་པཱ་གཉིས་ཀྱི་སྤྱི་བསྒྲགས་དེའི་ནང་དུ། པཱ་ནཱ་མཱ་ཕྱོགས་ནས་འཛམ་གླིང་ཐོག་རྒྱ་ནག་གཅིག་ལས་མེད་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ནི་རྒྱ་ནག་ཧྲིལ་པོའི་འཐུས་ཚབ་ཀྱི་ཁྲིམས་མཐུན་གཞུང་ཁོ་ན་དེ་ཡིན་ལ། ཐའེ་ཝན་ནི་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་མངའ་ཁོངས་ཀྱི་ཆ་ཤས་ཤིག་ཡིན་པ་ཁས་ལེན་བྱས་ཡོད་ཅེས་བརྗོད་ཡོད་པ་མ་ཟད། ད་ནས་བཟུང་ཐའེ་ཝན་དང་འབྲེལ་བ་གཙང་བཅད་ཀྱིས་གཞུང་ཕྱོགས་ཀྱི་འབྲེལ་འདྲིས་གང་ཡང་འབྱུང་རྒྱུ་མིན་པའི་ཁས་ལེན་བྱུང་ཡོད་སྐོར་བརྗོད་འདུག

སྤྱི་བསྒྲགས་དེ་མ་སྤེལ་སྔོན་གྱི་སྐར་མ་ ༤༠ ཙམ་གྱི་ནང་། ཐའེ་ཝན་ཕྱི་འབྲེལ་ལས་ཁུངས་ནས་བསྒྲགས་གཏམ་ཞིག་སྤེལ་ཏེ། པཱ་ནཱ་མཱ་གཞུང་གིས་ལོ་མང་གི་རྒྱལ་ཁབ་གཉིས་བར་གྱི་མཛའ་འབྲེལ་བློས་བཏང་སྟེ། རྒྱ་ནག་དང་མཉམ་འབྲེལ་བྱ་རྒྱུ་ཐག་བཅད་པ་དེར་ཧ་ཅང་བློ་ཕམ་དང་། བཟང་སྤྱོད་དང་འགལ་བའི་ཡི་མི་རང་བའི་བྱ་སྤྱོད་ཅིག་ཡིན་སྐོར་དང་། ཐའེ་ཝན་གཞུང་ཕྱོགས་ནས་བསྐྱར་དུ་མཚོ་འགག་གཉིས་ཀྱི་གནས་སྟངས་ལ་དཔྱད་ཞིབ་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

དཔྱད་ཞིབ་ལྟར་ན། ཕྱི་ལོ་ ༡༠༤༩ ལོར་ཐའེ་ཝན་དང་མཉམ་ལས་འབྲེལ་བ་བཟུང་བའི་རྒྱལ་ཁབ་ ༤༧ ཡོད་པ་དང་། དེ་ནས་ཕྱི་ལོ་ ༡༩༦༩ ལོ་བསླེབས་སྐབས་རྒྱལ་ཁབ་ ༧༠ བྱུང་ཡོད་པ་རེད།  ཡིན་ནའང་། རྒྱ་ནག་གི་སྟོབས་ཤུགས་ཁྱིམ་མཚེས་རྒྱལ་ཁབ་ཁག་ནས་མགོ་བརྩམས་ཏེ་རྒྱལ་སྤྱིའི་ཐོག་ཤུགས་ཆེ་རུ་ཕྱིན་པ་དང་བསྟུན། རྒྱ་ནག་གཅིག་གི་རྩ་དོན་ཟེར་བ་དེ་མཉམ་འབྲེལ་གྱི་གཞི་རྩར་བཞག་སྟེ་ཆབ་སྲིད་དང་དཔལ་འབྱོར་གྱི་གནོན་ཤུགས་སྣ་ཚོགས་སྤྲད་པར་བརྟེན།  རིམ་གྱིས་ཐའེ་ཝན་གྱི་མཉམ་འབྲེལ་རྒྱལ་ཁབ་ཁག་ཉུང་དུ་ཕྱིན་ཏེ་ད་ལྟ་རྒྱལ་ཁབ་ ༢༠ ལས་ལྷག་མེད་པ་རེད།

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༦/༡༣

Leave a Reply