ཕྱི་ཟླ་ ༤ ཚེས་ ༣༠ བོད་ཀྱི་ཡིག་གཟུཊ་དུས་ཆེན་ཡིན།

རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོའི་ཐོག་བོད་ཡིག་དབྱངས་གསལ་སོ་བཞིའི་མཚོན་དོན་ལྟར་ལོ་རེའི་ཕྱི་ཟླ་ ༤ ཚེས་ ༣༠ ཉིན་བོད་ཀྱི་ཡིག་གཟུགས་དུས་ཆེན་དུ་གཏན་འབེབས་གནང་སྟེ་བོད་ཆོལ་ཁ་གསུམ་ནས་སྲུང་གཙི་བྱ་རྒྱུ་ཐག་གཅོད་གནང་འདུག

དེ་རིང་བོད་ནང་གི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོས་གཙོ་སྒྲུབ་གནང་ཞིང་བོད་ཀྱི་ཡིག་གཟུགས་ཉིན་མོའི་ལས་གཉེར་ཚན་ཆུང་གི་རོགས་འདེགས་འོག ཟླ་འདིའི་ཕྱི་ཚེས་ ༡༥ དང་ ༡༦ ཉིན་གཉིས་རིང་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་དུ་ཚོགས་ཡོད་པ་དང་། བགྲོ་གླེང་ཚོགས་འདུའི་ཐོག་མཚོ་སྔོན་དང་ཀན་སུའུ། སི་ཁྲོན། ཡུན་ནན། བོད་རང་སྐྱོང་ལྗོངས་བཅས་ནས་བོད་རིགས་ཡིག་གཟུགས་ཆེད་མཁས་པ་དང་སློབ་གསོའི་གནད་ཡོད་མི་སྣ་ ༥༧ ཀྱི་གཙོས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ལ་དོ་ཁུར་ཆེ་བའི་དགེ་སློབ་བཅས་མཉམ་ཞུགས་གནང་ཡོད་འདུག

ཚོགས་འདུའི་ཐོག་སྐུ་མགྲོན་རྣམ་པས་བོད་ཀྱི་ཡིག་གཟུགས་དང་འབྲེལ་བའི་གསུང་བཤད་གནང་བ་དང་། བོད་ཀྱི་ཡིག་གཟུགས་མཁན་པོ་གྲགས་ཅན་རྡོ་དགོན་གསང་བདག་རྡོ་རྗེ་ལགས་སོགས་ཀྱིས་ཡུལ་དངོས་ནས་ཡིག་གཟུགས་ཀྱི་དྲན་རྟེན་ཕྱག་བྲིས་གནང་བ་དང་། བོད་ཁུལ་གྱི་ཡིག་གཟུགས་སྒྱུ་རྩལ་བ་གྲགས་ཅན་རྡོ་དགོན་གསང་བདག་རྡོ་རྗེ་ལགས་སོགས་ཀྱིས་ཡུལ་དངོས་ནས་ཡིག་གཟུགས་ཀྱི་དྲན་རྟེན་ཕྱག་བྲིས་གནང་བ་དང་ཡིག་གཟུགས་སྒྱུ་རྩལ་འགྲེམས་སྟོན། དེ་བཞིན་བོད་ཀྱི་ཡིག་གཟུགས་སྐོར་ལ་བགྲོ་གླེང་གནང་བ་དང་འབྲེལ། རྟེན་འབྲེལ་གྱི་རང་བཞིན་ལྟར་དབྱངས་བཞི་དང་གསལ་བྱེད་སུམ་ཅུའི་མཚོན་དོན་གཞིར་བཟུང་ལོ་རེའི་ཕྱི་ཟླ་ ༤ ཚེས་ ༣༠ ཉིན་”བོད་ཀྱི་ཡིག་གཟུགས་དུས་ཆེན”དུ་གཏན་འབེབས་གནང་ཡོད་པ་མ་ཟད། ལོ་ལྟར་བོད་ཆོལ་ཁ་གསུམ་ནས་བོད་ཀྱི་ཡིག་གཟུགས་དུས་ཆེན་སྲུང་གཙི་གནང་དགོས་པའི་ཐག་གཅོད་བྱུང་འདུག

དེ་ཡང་གནས་ཚུལ་ནང་ཐེངས་འདིའི་ཚོགས་འདུས་བོད་ཀྱི་ཕུལ་དུ་བྱུང་བའི་མི་རིགས་རིག་གནས་རྒྱུན་འཛིན་དང་། བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་རྒྱ་ཆེར་དར་སྤེལ་གཏོང་བར་ཕན་འབྲས་བླ་ལྷག་ཏུ་ཐོན་ཡོད་པ་མ་ཟད། བོད་ཀྱི་ཡིག་གཟུགས་ཀྱི་གྲུབ་འབྲས་སྔོག་འདོན་དང་སྤྱི་ཚོགས་སྟེང་གི་ལས་རིགས་སོ་སོའི་མི་སྣ་དང་སློབ་ཆེན་ཁག་གི་དགེ་སློབ་རྣམས་ཀྱིས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ལ་སློབ་སྦྱོང་དང་རྟོག་ཞིབ་བྱེད་པར་སྐུལ་མ་གཏོང་བའི་ཕན་འབྲས་ཁྱད་པར་བ་བྱུང་ཡོད་སྐོར་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༤/༡༩

Leave a Reply