ཕྱི་ལོ་གསར་པའི་དམ་བཅའ།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༧༢༡ སྟེང་གི་རྩོམ་སྒྲིག་པའི་གཏམ།

ཕྱི་ལོ་རྙིང་པ་ཞིག་རྫོགས་ནས་གསར་པ་ཞིག་མགོ་བཙུགས་སོང་། འཛམ་གླིང་གི་ཡེ་ཤུ་བ་ཡོངས་ཀྱིས་ལོ་གསར་པའི་ནང་དུ་རེ་སྨོན་གསར་པ་ཞིག་དང་ལེགས་འགྲུབ་ཆེན་པོ་ཞིག་ལ་ཡིད་ཆེས་བྱེད་ཀྱིན་ཡོད། གོ་ལ་གཅིག་གྱུར་རིང་ལུགས་ཀྱི་མཐའ་མཚམས་འདིར་ཡེ་ཤུ་བ་ཙམ་མ་ཡིན་པར། གསར་དུ་ཁ་དར་བཞིན་པའི་ཁ་ཆེ་ཐལ་སྐྱོད་པ་ཚོ་འཕུད་པའི་མི་རིགས་དང་ཆོས་ལུགས་ཀྱི་ས་མཚམས་མེད་པར། འཛམ་གླིང་སུམ་གཉིས་ས་ཡི་མི་མང་གིས་ཕྱི་ལོ་གསར་པ་འདི་ལ་སྨོན་འདུན་དང་རེ་བས་བལྟས་ཡོད།

འོན་ཀྱང་ཉེ་བའི་ལོ་ཤས་ནས་བཟུང་འཛམ་གླིང་ལ་རིགས་ཞེན་དང་རྒྱལ་ཞེན་གྱི་རླུང་བུ་བསིལ་མོ་ཞིག་ནུབ་ཕྱོགས་ནས་ལྡང་མགོ་བརྩམས་ཡོད་དང་། ད་ལོར་འཐོར་རླུང་གྲང་མོ་ཞིག་གི་ངོ་བོར་གྱུར་ཏེ་དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ལས་ལོགས་སུ་ཐོན་པ་དང་། སྐུ་ཞབས་ཊི་རུམ་ལ་ཨ་རིའི་སྲིད་འཛིན་རྒྱལ་ཁ་ཐོབ་པ། དེ་བཞིན། ཁ་ཆེ་དྲག་སྤྱོད་པའི་འགུལ་སྐྱོད་དག་ཀྱང་ཐད་ཀར་ཡེ་ཤུ་བའི་སྟེང་ཁ་བཏད་པ་འདི་དག་གིས་འཛམ་གླིང་གི་མཁའ་དབུགས་གསར་བརྗེ་བྱས་ཏེ། མི་རྣམས་ལ་བསམ་བློ་གསར་པ་གཏོང་བར་དྲན་སྐུལ་ཐེབས་ཡོད།

འུ་ཅག་བོད་པ་ཚང་ལའང་འཐོར་རླུང་གྲང་མོ་དེའི་ཐུགས་རྐྱེན་ཐེབས་པ་ཡིན་ནམ། འདས་མ་ཐག་གི་ཉིས་སྟོང་བཅུ་དྲུག་ལོ་དེ་གོད་ཆག་དང་རྙོག་འཛིང་གི་ལོ་ནག་ཅིག་ཆགས་སོང་། སྲིད་སྤྱིའི་འོས་བསྡུ་ཆེན་མོས་བཙན་བྱོལ་སྤྱི་ཚོགས་ཉོག་བཞིན་དཀྲུགས་ཏེ། འུ་ཚང་གི་ཨ་ཡོད་ནང་གི་ད་ཡོད། སྒོ་ངའི་ནང་གི་སེར་ཐིག་སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ། བཀའ་བློན་རྣམ་པ་དང་སྐུ་ཚབ་དོན་གཅོད་ཁག ཐ་ན་ས་གནས་ཁག་གི་གཞིས་མགོ་དང་། ཚོགས་སྡེ་ཁག་གི་ཚོགས་གཙོ་ཚུན་མང་ཚོགས་ཀྱི་མིག་ནང་དུ་རིན་ཐང་མེད་པ་དང་། དོགས་པ་ཆེ་ཞིང་ཡིད་ཆེས་ཆུང་བའི་མི་སྣ་རྐྱང་རྐྱང་ཆགས་སོང་།

རྒྱལ་སྤྱིའི་སྤྱི་ཚོགས་དང་འཛམ་གླིང་མི་མང་ཁྲོད་ན་གུས་བརྩི་དང་རིན་ཐང་ཆེ་རུ་འགྲོ་བཞིན་པའི་བོད་པའི་བུ་རྒོད་བསྟན་འཛིན་རྒྱ་མཚོར་ཡང་། བོད་པ་རང་གི་སྤྱི་ཚོགས་ནང་དུ་ཁུངས་མེད་སྐྱོན་བརྗོད་དང་གཞི་མེད་བསྐུར་འདེབས་བྱེད་མཁན་མང་ཤོས་ཀྱི་ལོ་ཞིག་ཆགས་ཡོད། ནོར་བུ་རང་ལ་ཡོད་དུས།། ནོར་བུའི་ནོར་ཉམས་མ་ཆོད།། ནོར་བུ་མི་ལ་ཤོར་དུས།། སྙིང་རླུང་སྟོད་ལ་འཚངས་བྱུང༌།། ཞེས་པའི་ལྷ་སའི་དམངས་གཞས་དེ་རིག་གཞུང་གི་ངོ་བོར་འཛིན་སྐྱོང་སྤེལ་གསུམ་ལ་ཧུར་བརྩོན་བྱེད་མཁན་ཇེ་མང་ནས་ཇེ་མང་གི་ལོ་ཞིག་ཆགས་སོང་།

འདས་ལོར་བོད་ནང་བོད་མི་གསུམ་དང་ཕྱི་ལོགས་སུ་གཅིག་བཅས་བོད་མི་བཞི་ཡིས་བདེན་དོན་ལ་རང་ལུས་མེ་རུ་བསྲེགས་ཡོད་ལ། རྒྱ་ནག་གཞུང་གིས་བོད་མི་ཚོའི་ཕྱི་སྐྱོད་ལག་འཁྱེར་བཙན་གྱིས་ཕྲོགས་པ་དང་། གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་སོགས་བཙན་གྱིས་གཏོར་ཏེ་བཙུན་མ་ཚོར། རྒྱ་རིགས་དང་བོད་རིགས།། ཨ་མ་གཅིག་གི་བུ་མོ་ཡིན།། ཨ་མའི་མིང་ལ་ཀྲུང་གོ་ཟེར།། ཞེས་གཞས་བཏང་སྟེ་བྲོ་འཁྲབ་ཏུ་འཇུག་གི་ཡོད། འདི་ནི་བོད་པའི་གཏམ་དཔེར། ཕ་བསད་པའི་རོ་ཐོག་ལ་རྟ་རྒྱུག་གི་བཅུག་ཟེར་བ་དེ་རེད།

ད་ནི་ང་ཚོས་ཁ་ནག་སྣ་ནག་གི་འདས་ལོ་ཁ་རོག་གེར་འགྲོ་རུ་བཅུག་སྟེ། ཕྱི་ལོ་གསར་པའི་སྐྱ་རེངས་དང་པོ་དམ་བཅའ་ཡིས་བསུས་ཏེ། འདས་ལོའི་ནང་རྙོག་གི་རྨ་ཁ་ཇི་ལྟར་གསོ་རྒྱུ་དང་། འཐེན་འཁྱེར་གོད་ཆག་གི་གྱོང་གུད་ཇི་ལྟར་གསབ་རྒྱུར་བསམ་གཞིག་དང་སྟ་གོན་བྱེད་དགོས། རང་གི་གདོང་ལ་རང་གིས་མཆིལ་མ་བཏབས་པའི་གཞི་མེད་སྐུར་འདེབས་དེ་དག་ལ་སྔ་འགྱོད་ཕྱི་སྡོམ་དང་། རང་གི་རྐང་པ་རང་གིས་འཐེན་པའི་ནག་ཉེས་ནོར་འཛོལ་དེ་རིགས་སླར་མི་ལྡོག་པའི་དམ་བཅའ་བཞག་སྟེ། ཆོལ་ཁ་ཆོས་ལུགས་ཆིག་བསྒྲིལ་དང་གཞུང་དམངས་སྐྱ་སེར་མཉམ་རུབ་ཀྱིས་བདེན་དོན་མཐའ་འཁྱོལ་བྱེད་དགོས།།

བསྐྱར་བཅོས།: ༢༠༡༦/༡༢/༣༡

Leave a Reply