ཕྱུག་རྫི་ནས་སློབ་ཆེན་འགྲིམས་ཏེ་གཙུག་ལག་རབ་འབྱམས་པའི་ཐོབ་ཐང་བླངས།

དཔལ་འབྱོར་བསྐྱར་ཞིབ་དྲ་བར་ ༢༠༡༧ ཟླ་ ༤ ཚེས་ ༡ ཉིན་སྤེལ་བའི་གནས་ཚུལ།
བུ་མོ་འདན་མ་ལགས་བོད་མཐོ་སྒང་ནས་རྒྱལ་ཁབ་ཕྱི་ནང་གི་སློབ་ཆེན་འགྲིམས་ཏེ་གཙུག་ལག་རབ་འབྱམས་པའི་ཐོབ་ཐང་བླངས་རྗེས། ཁོང་མོས་རང་གི་ཕ་ཡུལ་བོད་ཀན་སུའུ་ཞིང་ཆེན་ཀྱི་བུད་མེད་ཚོའི་འཚོ་བར་དམིགས་ཏེ་སྤྱི་ཚོགས་ཁེ་ལས་ཤིག་བཙུགས་ཡོད་པ་དང་། དེ་སྔ་བོད་ཁུལ་དུ་ཁོ་མོ་ལྟ་བུ་ཧ་ཅང་ཉུང་ཉུང་ཡིན།

ན་ནིང་ཌན་མ་ལགས་ཨོ་སི་ཊོར་ལེ་ཡའི་སེ་ཌི་ནེ་ཚན་རྩལ་གཙུག་ལག་སློབ་ཆེན་གྱི་སྤྱི་ཚོགས་ཞིབ་འཇུག་མཐོ་རིམ་རིག་གནས་རབ་འབྱམས་པ་ཐོན་རྗེས། སེ་ཌི་ནེ་གཙུག་ལག་སློབ་ཆེན་གྱི་སྤྱི་ཚོགས་ཞབས་ཞུ་ལས་རིགས་གཙུག་ལག་རབ་འབྱམས་པ་ཐོན་ཡོད་པ་དང་། ཁོ་མོས་རང་གི་སྲོལ་རྒྱུན་རིག་གནས་གཞི་རྩར་བཟུང་སྟེ། རང་མིང་ཡང་ཡིག་འབྲུ་གཅིག་ཁོ་ན་བེད་སྤྱོད་གནང་བཞིན་ཡོད་པ་རེད།

ཁོ་མོས་ད་དུང་སེ་ཌི་ནེ་ཚོང་ལས་གཙུག་ལག་སློབ་ཆེན་ (USBS) ནས་སྤྱི་ཚོགས་ཁེ་ལས་འདུ་འགོད་ཀྱི་གཙུག་ལག་རབ་འབྱམས་པའི་ཐོབ་ཐང་ཡང་བླངས་ཡོད་། ཁོ་མོས་ “སྦྱོང་གཞི་དེ་དག་གིས་ང་ལ་ངེས་ཤེས་ཟབ་མོ་སྐྱེས་སོང” ཞེས་བརྗོད།

ད་ཆར་ཁོ་མོས་ ‘གཡང་དཀར་མ’ (Yak My Body) ཞེས་པའི་ཚོང་གཉེར་ཁང་ཞིག་གཉེར་བཞིན་ཡོད་པ་དང་། ཚོང་གཉེར་ཁང་དེ་ ༢༠༡༥ ལོར་བཙུགས་ཤིང་། ཚོང་གཉེར་ཁང་དེས་ཁོ་མོའི་ཕ་ཡུལ་གྱི་བུད་མེད་ཚོས་བཟོས་པའི་འདག་རྫས་རིགས་རྒྱ་ནག་དང་ཨ་རི། ཨོ་སི་ཊོར་ལེ་ཡ་སོགས་སུ་འཚོང་བཞིན་ཡོད་འདུག

ཁོ་མོས་བཤད་རྒྱུར། ཡུལ་སྲོལ་ལྟར་ཡུལ་མཐའ་འཁོབ་ཀྱི་བུད་མེད་ཚོར་ཁྱིམ་ལས་མ་གཏོགས་ཚོང་ལས་ལ་འཇུག་པའི་མདུན་ལམ་དང་གོ་སྐབས་ཧ་ཅང་ཉུང་ཉུང་རེད་ཅེས་བརྗོད།

སྤྱི་ཚོགས་ཁེ་ལས་སྒྲིག་འཛུགས།

ཚོང་གཉེར་ཁང་དེས་ཐོན་སྐྱེད་བྱེད་ཀྱིན་པའི་འདག་རྫས་དག་ནི། འབྲི་མོའི་འོ་མ་དང་ཞང་གྲོང་གི་མིས་ཐོན་སྐྱེད་བྱས་པའི་སྦྲང་རྩི། རང་བྱུང་རྩྭ་སྨན་སོགས་ཀྱིས་བཟོས་པ་ཡིན་འདུག ཌན་མ་ལགས་ཀྱིས། “ཁེ་ལས་འདི་ནི་བོད་ཀྱི་བུད་མེད་ཚོའི་འཚོ་བར་རྒྱབ་སྐྱོར་བྱེད་ཆེད་བཙུགས་པའི་སྤྱི་ཚོགས་ཁེ་ལས་ཤིག་ཡིན” ཟེར།

འདན་མ་ལགས་བདེ་ཆེན་ས་ཆའི་འབྲོག་ཐང་ཞིག་ནས་འཚར་ལོངས་བྱུང་བ་དང་། ཁོ་མོའི་ཕ་མ་གཉིས་ཀྱིས་ཕྱུག་ཟོག་འཚོ་སྐྱོང་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་སྟབས། བྱིས་དུས་སུ་འདན་མ་ལགས་ཀྱིས་རི་ཀླུང་དང་རྩྭ་ཐང་སོགས་ནས་ནོར་ལུག་འཚོ་སྐྱོང་བྱས་ཏེ་འཚར་ལོངས་བྱུང་ཡོད་པ་རེད།

ཁོ་མོས་བཤད་རྒྱུར། “ང་རང་ཆུང་དུས་ནས་ཟོག་རྫིར་འགྲོ་བ་དང་། ཆུ་ལེན་པ། བུད་ཤིང་འཐུ་བ་སོགས་ཀྱི་ཁྲོད་འཚར་ལོངས་བྱུང་བ་ཡིན་ལ། སྐབས་དེར་ངས་རང་ཉིད་ཀྱི་མ་འོངས་པ་ནི་འབྲོག་ཁུལ་གྱི་སྐྱེད་མ་གཞན་དག་དང་འདྲ་བར། བྱིས་པ་མང་པོའི་ཨ་མ་བྱེད་དགོས་པ་ཞིག་ཏུ་མཐོང་མྱོང” ཞེས་དང་། “ངས་བོད་ཁུལ་དུ་ཕོ་མོ་འདྲ་མཉམ་མིན་པའི་གནས་སྟངས་མངོན་གསལ་དུ་མཐོང་མྱོང་ལ། བུད་མེད་ཚོས་ནམ་རྒྱུན་གུས་གུས་ཞུམ་ཞུམ་བྱེད་དགོས་པ་མ་ཟད། ད་དུང་ཁྱིམ་གྱི་དཀའ་ཚེགས་ཡོད་ཚད་བུད་མེད་ཚོས་བསྒྲུབ་དགོས་པ་རེད” ཅེས་བརྗོད་འདུག

འདན་མ་ལགས་ད་ལྟ་རང་ལོ་ ༢༩ ཡིན་པ་དང་། རང་ལོ་ ༡༥ སྟེང་ནས་མོས་དབྱིན་ཡིག་སྦྱོང་མགོ་བརྩམས་ཡོད་པ་དང་། ཆུང་དུས་ནས་ཁོ་མོས་བདེ་ཆེན་ས་ཁུལ་གྱི་ཡུལ་མིའི་འཚོ་གནས་དང་། ལྷག་པར་དུ་ས་ཁུལ་དེའི་བུད་མེད་ཚོའི་འཚོ་བ་ཡར་རྒྱས་གཏོང་བའི་རེ་འདུན་ཆེན་པོ་བཅངས་ཡོད་འདུག

ཁོ་མོའི་སྡེ་བའི་བུད་མེད་ཚོ་འཐུང་ཆུ་ལེན་དུ་གཙང་ཆུའི་ཁར་འགྲོ་དགོས་ཀྱི་ཡོད་སྟབས། རང་ལོ་ ༡༩ སྟེང་འདན་མ་ལགས་ཀྱིས་རང་གི་སྡེ་བར་འཐུང་ཆུ་དྲངས་ཏེ་བུད་མེད་ཚོའི་དཀའ་ཚེགས་ཇེ་ཆུང་དུ་བཏང་བ་མ་ཟད། དེའི་རྗེས་ཁོ་མོས་སྡེ་བ་དེ་གར་ཉི་གློག་ཀྱང་འཐེན་ཡོད་འདུག

ཁོ་མོས་བརྗོད་དོན། “ངས་རྒྱལ་སྤྱིའི་ཐེབས་རྩར་ང་ཚོའི་སྡེ་བར་ཉི་གློག་འཐེན་པའི་རོགས་སྐྱོར་སྙན་ཞུ་ཕུལ་ཏེ་ང་ལ་ཁོ་ཚོའི་རོགས་སྐྱོར་ཐོབ་སོང་།” ཞེས་བརྗོད་འདུག

མུ་མཐུད་སློབ་སྦྱོང་བྱས།

འདན་མ་ལགས་ཀྱིས་ད་དུང་མུ་མཐུད་སློབ་སྦྱོང་ལ་འབད་བརྩོན་བྱེད་དགོས་པ་གསལ་བོར་རྟོགས་འདུག ཁོ་མོས་བཤད་རྒྱུར། “ངའི་རྨོ་རྨོ་ལགས་ཀྱིས་ང་ལ་གལ་ཏེ་ཁྱེད་ཀྱིས་གངས་རི་དང་རྩྭ་ཐང་གི་ཕ་རོལ་མཐོང་འདོད་ན། ཁྱེད་ཀྱིས་མུ་མཐུད་སློབ་སྦྱོང་བྱེད་དགོས་པ་རེད་ཅེས་བརྗོད་སོང་།” ཟེར།

ཁྱིམ་མི་དང་གྲོགས་པོ། སློབ་གྲོགས་བཅས་ཀྱི་རྒྱབ་སྐྱོར་འོག་ ༢༠༡༡ ལོར་འདན་མ་ལགས་ཀྱིས་སེ་ཌི་ནེ་ཚན་རྩལ་གཙུག་ལག་སློབ་ཆེན་ (UTS) དུ་སློབ་གཉེར་བྱས་པ་དང་། ༢༠༡༥ ལོར་སེ་ཌི་ནེ་གཙུག་ལག་སློབ་ཆེན་ (US) ནས་གཙུག་ལག་རབ་འབྱམས་པའི་ཐོབ་ཐང་བླངས། ལོ་དེར་ཁོ་མོས་གསར་དུ་བཙུགས་པའི་ཚོང་གཉེར་ཁང་དེ་ལ་གཙུག་ལག་སློབ་ཆེན་དེའི་ (Genesis Start-up Program) ཚན་པའི་གཟེངས་རྟགས་ཐོབ་ཡོད།

སློབ་ཆེན་ཐོན་རྗེས། ཌན་མ་ལགས་ཀྱིས་ཕ་ཡུལ་དུ་འདག་རྫས་ཚོང་གཉེར་ཁང་ཆེན་པོ་ཞིག་འཛུགས་པའི་འཆར་གཞི་བསྒྲིགས་ཡོད། ཁོ་མོས་བརྗོད་དོན། “མ་འོངས་པར་ང་ཚོས་ཚོང་ཟོག་གཞན་འཐོན་སྐྱེད་བྱ་འཆར་ཡོད་མོད། ད་ཆར་ང་ཚོས་མུ་མཐུད་ཚོང་ལས་དོ་དམ་ཕྱོགས་ལ་འབད་བརྩོན་བྱེད་དགོས་པ་དང་། ཚོང་ཟོག་གསར་བ་འཐོན་སྐྱེད་མ་བྱས་སྔོན་ལ་ང་ཚོས་ཚོང་ལས་གཉེར་ཕྱོགས་ཀྱི་ཉམས་མྱོང་མང་པོ་གསོག་དགོས་ཀྱི་འདུག” ཅེས་བརྗོད་འདུག

འདས་པའི་ལོ་ངོ་ ༦ རིང་འབྲེལ་འདྲིས་བྱུང་བའི་མི་མང་ལ་འབྲེལ་གཏུགས་བྱས་ཏེ། ད་ཆར་ཁོ་མོས་ཚོང་ལས་གཞི་རྒྱ་ཇེ་ཆེར་གཏོང་ཐབས་སུ་ཚོང་དོན་སློབ་སྟོན་པ་འཚོལ་བཞིན་ཡོད་འདུག ཁོ་མོས་བཤད་རྒྱུར། “ངས་མུ་མཐུད་དུ་ཨོ་སི་ཊིར་ལེ་ཡའི་ངོ་ཤེས་གྲོགས་པོ་ཚོར་འབྲེལ་འདྲིས་བྱེད་འདོད་ཡོད” ཅེས་བརྗོད་འདུག

གསར་འགོད་པ། པདྨ་རྒྱལ་གྱིས་བསྡུ་བསྒྱུར་བྱས།

བསྐྱར་བཅོས།: ༢༠༡༧/༠༤/༠༤

Leave a Reply