ཕྲུ་གུ་དམར་འབྱར་གད་སྙིགས་ནང་གཡུག་འདུག

ཀུན་སྤྱོད་ཉམས་ཤིང་འཁྲུག་ཆ་དོད་པའི་རྒྱ་ནག་གི་སྤྱི་ཚོགས་ནང་ཨ་མ་བསམ་མེད་ཚོས་རྒྱུ་རྐྱེན་སྣ་ཚོགས་འོག་ཕྲུ་གུ་སྐྱེས་མ་ཐག་གད་སྙིགས་དང་གསང་སྤྱོད་སོགས་སུ་གཡུགས་ཡོད་པའི་གནས་ཚུལ་རྒྱུན་པར་ཐོས་རྒྱུ་ཡོད་ལ། བོད་ཁུལ་དུའང་གཞོན་སྐྱེས་ཚོར་ཤེས་ཡོན་སློབ་གསོ་མེད་པ་དང་། རྒྱ་ནག་གི་འཆར་ལྡན་བུ་སྐྱེས་སྲིད་བྱུས་དམ་དྲག་ཆེ་བ་སོགས་ལ་བརྟེན་ཏེ། ཕྲུ་གུ་དམར་འབྱར་གད་སྙིགས་ནང་གཡུགས་ཡོད་པའི་གནས་ཚུལ་རེ་ཟུང་སྔོན་མ་ནས་བྱུང་དང་འབྱུང་བཞིན་བཞིན་ཡོད།

ལྷག་པར་དུ་ལོ་རབས་བརྒྱད་ཅུ་དགུ་བཅུ་ནས་རྒྱ་རིགས་མང་པོ་བོད་ཁུལ་དུ་གནས་སྤོ་བྱས་པ་དང་། རྒྱ་གཞུང་གིས་བོད་པའི་འབྲོག་པ་དང་གྲོང་གསེབ་ཁག་གྲོང་ཁྱེར་ཅན་དུ་བསྒྱུར་བ། འཕྲོད་བསྟེན་སློབ་གསོ་མེད་པའི་གཞོན་སྐྱེས་ལས་མེད་མང་པོའི་འཚོ་བ་སྐྱེལ་སྟངས་ཧ་ཅང་ཀྱག་ཀྱོག་ཅན་ཆགས་པ་སོགས་ལ་བརྟེན་ཏེ། དེང་གི་བརྡ་འཕྲིན་བརྒྱུད་ལམ་དང་བསྡོངས་ཏེ་ཚུལ་མིན་གནས་ཚུལ་རིགས་སྔར་ལས་མཐོང་རྒྱུ་དང་ཐོས་རྒྱུ་ཇེ་མང་དུ་འགྲོ་བཞིན་ཡོད་འདུག

དེ་རིང་བོད་ནང་གི་སྐད་འཕྲིན་སྟེང་ཁ་སང་ཞོགས་པར་མདོ་སྨད་ཀན་ལྷོ་བསང་ཆུ་རྫོང་ས་དཀར་གྲོང་སྡེའི་ཉེ་འདབས་སུ་ཕྲུ་གུ་དམར་འབྱར་ཞིག་གཡུགས་ཡོད་པ་ (རེ་སྐོང་དགའ་ཡ་མཐུན་གཉེར་ཁང་།) ཞེས་པའི་བདག་མོ་ལྷ་མོ་སྒྲོལ་མ་ཞུ་བ་ཞིག་གིས་མཐོང་སྟེ། མོ་རང་གི་སྐད་འཕྲིན་རྒྱབ་ལྗོངས་སུ་ཕྲུ་གུ་དམར་འབྱར་ཤི་རོ་དེའི་པར་དང་མཉམ་དུ་སེམས་ཚོར་རིང་བོ་ཞིག་བྲིས་ཡོད་པའི་སྐོར་ལ་གླེང་སློང་ཆེན་པོ་བྱེད་བཞིན་འདུག

གནས་ཚུལ་དེའི་ནང་བཀོད་དོན། “ད་ནངས་ཞོགས་པ་ང་ཚོ་བླ་བྲང་དགོན་པའི་ཉེ་འཁྲིས་ས་དཀར་སྡེ་བར་བསླེབས་པ་ན། ཐོག་མར་མིག་ལམ་དུ་མཐོང་བ་ནི་ཤ་དམར་རྗེན་ཞིག་འཆར་བ་ལས་གང་ཡིན་མ་ཤེས་པར་གམ་དུ་བཅར་བ་ན། དེ་ནི་བྱིས་པ་དམར་རྗེན་ཞིག་ཡིན་པ་རྟོགས། ང་སྐྲག་སྣང་དང་དངངས་འཚུབ་ཀྱིས་དེའི་འགྲམ་དུ་བརྒྱུགས་ཏེ་ཚེ་སྲོག་ཤོར་མེད་ན་སྙམ་ཡང་། ཡིད་སྐྱོ་བ་ཞིག་ལ་བྱིས་པ་དེ་སྔར་ནས་ཕྱི་མར་བཞུད་ཚར་འདུག” ཅེས་དང་། “སྐབས་དེར་བདག་གི་སེམས་སུ། འཇིག་རྟེན་ན་དུད་འགྲོ་སྲོག་ཆགས་ལས་ཀྱང་ཐབས་རྡུགས་ཤིང་བྱམས་སྙིང་རྗེ་ཕར་ཟད། རང་གི་ཤ་ལས་ཆད་པའི་བུ་ཕྲུག་འདི་ལྟར་གད་སྙིགས་ལྟར་གཡུག་མཁན་ཡང་འདུག་བསམ་སྟེ། ཡིད་སྐྱོ་བའི་མིག་ཆུ་དབང་མེད་དུ་བཞུར་བ་དང་། ཨ་མ་ཚོར་བྱམས་བརྩེའི་བདག་ཉིད་དང་ཨ་མ་དྲིན་མོ་ཆེ་ཞེས་ཀུན་གྱིས་བསྟོད་བསྔགས་ཀྱིས་མེ་ཏོག་གཏོར་བར་ཡང་དོགས་པ་སྐྱེས་སོང་། རྒྱལ་ཁབ་ཚད་ལྡན་ཞིག་ལ་མཚོན་ན། གད་སྙིགས་ཀྱང་འདི་ལྟར་གང་སར་གཡུག་མི་ཆོག” ཅེས་འཁོད་འདུག

གནས་ཚུལ་དེར་མུ་མཐུད་དུ། “ཁོར་ཡུག་དང་ཕྱོགས་མང་པོ་ལ་གཞིགས་ན། བྱིས་པ་དམར་རྗེན་དེ་གཡུག་མཁན་བོད་རིགས་ཤིག་ལོས་ཡིན་སྙམ་ཡང་། མཐའ་གཅིག་ཏུ་རེད་ཅེས་ཁ་ཚོན་བཅད་ནས་བདག་གིས་སྨྲ་མི་ཕོད། སྐབས་དེར་ང་ལ་གལ་སྲིད་དེ་རིང་བྱིས་པ་འདི་ཚེ་ལས་མ་འདས་སྔོན་དུ་ངས་མཐོང་ཡོད་ན། སྐྱིད་སྡུག་གང་བྱུང་ཡང་ངས་ཁོ་གཉོར་སྐྱོང་གིས་རང་གི་ཤ་ལས་ཆད་པའི་བུ་ཕྲུག་ལྟར་གཅེས་སྐྱོང་གི་འདུན་པ་འགོག་མེད་སྐྱེས་ཀྱང་། དེ་འདྲའི་གོ་སྐབས་ང་ལ་མེད་པ་དང་ཁོ་ལའང་དེའི་ལས་དབང་མེད་ང་ངུས་ཤིང་། སེམས་པ་སྐྱོ་ནས་འདི་ལྟ་བུའི་ཨ་མ་གདོན་འདྲེ་ཚོ་ལ་སྡང་སེམས་སྐྱེས་པ་དང་འཁང་ར་བྱེད་རྒྱུ་ལས་ཡིད་ལ་གང་ཡང་མ་དྲན།” ཞེས་བྲིས་འདུག

“ངས་དེ་རིང་གི་གནས་ཚུལ་འདི་ལས་འཕྲོས་ཏེ་བོད་གངས་ཅན་གྱི་སྤུན་ཟླ་གཙོས་པའི་འགྲོ་བ་མིའི་རིགས་སུ་འབོད་སྐུལ་ཞིག་ཞུ་འདོད། སྤྱིར་ན་ནིང་དོ་ཚིགས་དྲ་ལམ་ཀུན་ན་འདིའི་རིགས་ཇེ་མང་རེད།” ཅེས་དང་། “ད་ནི་འདས་པ་གླེང་བ་ལས་མ་འོངས་པ་ལ་མནོ་བསམ་དང་འདིའི་རིགས་སྔོན་འགོག་གི་ཕྱོགས་སུ་འབད་རྒྱུ་གལ་ཆེ་བར་མཐོང་། འདི་ལྟ་བུའི་རིགས་གཙོ་བོ་འབྱོར་མེད་དབུལ་བོ་དང་སློབ་འབྲིང་སློབ་ཆེན་གྱི་གནས་སྐབས། ད་དུང་བཟའ་ཟླ་ཡོད་བཞིན་ལྐོག་ནས་དགའ་རོགས་བཙལ་བ་སོགས་ལ་བརྟེན་ནས་ཡོང་བཞིན་པ་གསལ་བོ་རེད། དེས་ན་ང་ཚོ་དུས་རབས་གསར་བའི་ནང་དུ་སྐྱེས་པས། བསམ་བློ་གསར་བ་དང་ཤེས་ཡོན་ཁྱེད་འཕགས་གང་ཡང་མེད་ཀྱང་། དེང་དུས་ཀྱི་ཚན་རྩལ་སོགས་ལས་ནད་རིགས་དང་དཀའ་ངལ་མང་པོ་ཞིག་སེལ་བའི་ཐབས་ལམ་ཡོད་དེ། གལ་སྲིད་ཁྱེད་ཀྱིས་ངེས་པར་འདོད་ཆགས་ཀྱི་མགོ་མ་མནོན་པར་འཁྲིག་སྤྱོད་ཀྱི་བྱ་བར་ཞུགས་དགོས་བྱུང་ན། ངེས་པར་དུ་དེང་དུས་ཀྱི་སྲུང་ཤུབས་བེད་སྤྱོད་ཐོངས། གལ་སྲིད་བྱིས་པ་མངལ་ཆགས་ནས་སྨན་སོགས་འཐུང་སྟེ་མེད་པ་བཟོས་ན། རང་གི་བུ་ཕྲུག་བསད་པའི་ཉེས་པ་ལྡོག་ཏུ་མེད།” ཞེས་སོགས་བྲིས་འདུག

གསར་འགོད་པ། པདྨ་རྒྱལ་གྱིས་བསྡུ་སྒྲིག་བྱས།

བསྐྱར་བཅོས།: ༢༠༡༧/༠༥/༠༢

Leave a Reply

One thought on “ཕྲུ་གུ་དམར་འབྱར་གད་སྙིགས་ནང་གཡུག་འདུག

  1. བོད་ནང་གི་གྲོང་ཁྱེར་ཁག་གི་གཞང་འཚོང་མ་ཚོས་ཕྲུ་གུ་བཙས་མ་ཐག་གད་སྙིགས་ནང་གཡུག་གི་ཡོད། མཐོ་རིམ་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོར་སྟབས་མ་ལེགས་པར་མངལ་སྦྲུམ་ཏེ་ཕྲུ་གུ་བཙས་སྐབས་ས་འོག་ཏུ་གསོན་སྦས་བྱེད་ཀྱིན་ཡོད། ལོ་རབས་བརྒྱད་ཅུ་དང་དགུ་བཅུ་ནས་བཟུང་རྒྱ་ནག་གི་སྐྱེས་སྒོ་འགོག་པའི་སྲིད་ཇུས་འོག་ཕྲུ་གུ་གསང་སྤྱོད་ནང་གཡུག་གི་ཡོད།