བཀའ་ཤག་གྲོས་ཚོཊ་ནས་ཕྱིར་ཐོན།

བཙན་བྱོལ་བོད་མིའི་འོས་བསྡུའི་སྔོན་འགྲོ་དང་དངོས་གཞི་གཉིས་དགོས་མིན་ཐད་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་དང་འཛིན་སྐྱོང་བཀའ་ཤག་གཉིས་དགོངས་ཚུལ་མ་མཐུན་པར་བརྟེན་བཀའ་ཤག་གྲོས་ཚོགས་ནས་ཕྱིར་ཐོན་སོང་།

དེ་རིང་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་ལྔ་པའི་སྔ་དྲོར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག་ཆེད་འཛུགས་གནང་བའི་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག་ནས་ཚོགས་ཆུང་གི་ལས་བསྡོམས་དང་། གྲུབ་དོན་སྙན་ཐོ། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཁག་ཅིག་བཅས་སྙན་སྒྲོན་ཞུས་སོང་བ་དང་། སྲིད་སྐྱོང་མཆོག་གིས་འཛིན་སྐྱོང་བཀའ་ཤག་དང་འོས་བསྡུ་ལས་ཁང་གཉིས་གོ་བསྡུར་གྱིས་འཛམ་གླིང་སྤྱི་ཡོངས་ཀྱི་འགྲོ་སྟངས་ལྟར། འོས་བསྡུ་ཐེངས་གཅིག་གིས་འགྲིག་པའི་ཁྲིམས་འཆར་ཕུལ་ཡོད་ཀྱང་། ཚོགས་ཆུང་གི་འཆར་ཟིན་ནང་འོས་ཐེངས་གཉིས་བླུགས་རྒྱུ་བཟོས་ཚར་ཡོད་སྐོར་གསུངས་ཏེ་དགག་པ་བརྒྱབ་སོང་བ་དང་། འཆར་ཟིན་ཚོགས་ཆུང་གི་ཚོགས་དྲུང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་ཚོགས་ཆུང་ནང་མང་མོས་ཀྱི་ཐོག་ནས་དགོངས་འཆར་དེ་འཁུར་ཡོང་བ་ཡིན་སྐོར་གསལ་བཤད་གནང་རྗེས། སྲིད་སྐྱོང་མཆོག་ནས་བསྐྱར་དུ་དགོངས་ཚུལ་གསུང་རྩིས་གནང་ཡང་གོ་སྐབས་མེད་པར་བརྟེན། ང་ཚོས་གྲོས་ཚོགས་ནང་ཆ་ཤས་ལེན་གྱི་མིན་ཞེས་གསུངས་ཏེ་འཆར་ཟིན་ཚོགས་ཆུང་གི་ཚོགས་གཙོ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་བཅས་བཀའ་བློན་ཚང་མ་གྲོས་ཚོགས་ནས་ཕྱིར་ཐོན་སོང་།

སྙན་ཐོ་དང་འབྲེལ་བའི་ཐོག་གྲོས་ཚོགས་ནང་སྤྱི་ཡོངས་ཀྱི་བགྲོ་གླེང་དགོས་མིན་ཐད་ལག་པ་འཇོག་སྐབས། སྤྱི་འཐུས་གཉིས་ཀྱིས་བགྲོ་གླེང་ནང་ཚུད་པར་དགག་པ་བརྒྱབ་པ་དང་། སྤྱིི་འཐུས་ ༣༣ ཡི་རྒྱབ་སྐྱོར་ཐོབ་སྟེ་སྤྱི་ཡོངས་ནས་འོས་བསྡུའི་སྒྲིག་གཞི་དང་འབྲེལ་བའི་ཐོག་བགྲོ་གླེང་གནང་བཞིན་འདུག་ལ། སྤྱི་འཐུས་ཁག་ཅིག་ནས་འཛིན་སྐྱོང་བཀའ་ཤག་གྲོས་ཚོགས་ནས་ཕྱིར་ཐོན་ཕེབས་པར་བློ་ཕམ་དང་། གྲོས་ཚོགས་ལ་གནོན་ཤུགས་སྤྲོད་པ་ཞིག་ཡིན་སྐོར་བརྗོད་སོང་ལ། ཡང་སྤྱི་འཐུས་ཞིག་གིས་དམངས་གཙོ་ཡིན་པས་བཀའ་ཤག་ལྷན་རྒྱས་གྲོས་ཚོགས་ནས་ཕྱིར་ཐོན་པའི་ཐོབ་ཐང་ཡོད་སྐོར་དང་། སྔོན་རྩིས་གཏན་འབེབས་ཀྱི་ལས་རིམ་ནང་བཀའ་ཤག་ནས་ཆ་ཤས་ལེན་པའི་རེ་བ་ཞུ་ཡི་ཡོད་སྐོར་སོགས་བརྗོད་སོང་།

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༣/༡༨

Leave a Reply

13 thoughts on “བཀའ་ཤག་གྲོས་ཚོཊ་ནས་ཕྱིར་ཐོན།

  1. ཉང་ངེས་འཁྱམ་པོས།

    ཕྲན་བོད་མི་ཕལ་པ་ཞིག་དང་། ཆབ་སྲིད་ཀྱི་གོ་རྟོགས་དེ་ཙམ་མེད་ནའང་རང་ཉིད་ཀྱི་གོ་ཐོས་མཐོང་གསུམ་གྱི་ཉམས་མྱོང་ཞིག་ཞུ་འདོད་བྱུང་དེ་ནི་ངེད་ཚོའི་བཙན་བྱོལ་བོད་གཞུང་གི་སྒྲོམ་གཞི་དང་། འགྲོ་ལུགས་ནི་མང་གཙོའི་རྒྱལ་ཁབ་གཞན་དང་གཅིག་མཚུངས་ལྟར་ཕྱག་ལྟར་གནང་བཞིན་ཡོད་ནའང་བཙན་བྱོལ་བོད་མིའི་འོས་བསྡུའི་སྔོན་འགྲོ་དང་དངོས་གཞི་གཉིས་དེ་སྔ་ཕྱག་བསྟར་གནང་ཟིན་ནའང་སླད་ཕྱིན་ཆད་སྔོན་འགྲོའི་འོས་བསྡུའི་དུས་ཚབ་དེས་མི་མང་ལ་འོས་མི་དོ་དག་དང་། ཁྱབ་བསྒྲགས་སོགས་གང་མང་གནང་ནས་གོ་རྟོགས་སྤེལ་ཐུབ་རྒྱུའི་ཐད་ལ་འབད་བརྩོན་ཞུ་རྒྱུ་ནི་ཤིན་ཏུ་ནས་གལ་འགངས་ཆེ་བར་མངོན་བྱུང་གང་ཡིན་ཞེ་ན། དེང་གི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་མི་ཕལ་ཆེ་བ་ཞིག་རང་ཉིད་ཀྱི་འཚོ་སྡོད་དང་ལས་དོན་ལ་སྣ་གཡེང་ནས་འོས་མི་དང་འོས་ཤོག་གི་ཐད་ལ་དོ་སྣང་དེ་ཙམ་མེད་པའི་ཚོར་སྣང་ཆེན་པོ་བྱུང་། དེས་ན་དངོས་གཞི་ཚགས་ཚུད་ཡོང་ཆེད་སྔོན་འགྲོའི་དུས་ཚབ་དེས་མི་མང་གོ་རྟོགས་དང་ཁྱབ་བསྒྲགས་སོགས་གང་མང་སྤེལ་ནས་རང་ངོས་ཀྱི་འདོད་མོས་ལྟར་འོས་འཕེན་ཐུབ་ན་དགེ་མཚན་ཆེ་བར་མངོན་ནོ། ཐུགས་རྗེ་ཆེ། རང་ཉིད་ཀྱི་བསམ་ཚུལ་དང་མཐོང་ཚུལ་ཡིན་པས་དགོངས་བཞེས་འཚལ་ལོ།།

  2. ཐོས་པ་དགའ།

    སྐབས་གོང་མར་ཚོགས་གཙོ་སྤེན་པ་ཚེ་རིང་ལ་བཀའ་རྒྱུད་པའི་སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་མི་བསད་པའི་མ་ཉེས་ཁག་གཡོག་བྱས་པར་གྲོས་ཚོགས་རྭ་བ་ནས་ཕྱིར་ཐོན་པ་རེད། དེ་མི་གཅིག་རེད། དེ་རིང་བཀའ་ཤག་ཚང་མ་མཉམ་དུ་ཐོན་སྟངས་ལ་བལྟས་ན། སྲིད་སྐྱོང་གིས་གཡོ་ཇུས་ཤིག་ཁྲབ་ཀིན་ཡོད་པ་དང་། ཆོལ་ཞེན་པ་ཨབ་ཕྲུག་ཚེ་ཏན། བོན་སྤྱི་སྨོན་ཐར་སོགས་ཀྱིས་ད་དུང་ལམ་དང་ལུགས་སྲོལ་ཡོད་རབས་དང་། མང་གཙོའི་འགྲོ་སྟངས་ཡིན་ཚུལ་སོགས་ཀྱི་གཏམ་བཤད་ཀྱིས་སྲིད་སྐྱོང་གི་རྐུབ་འགེབས་སྟངས་ལ་ལྟོས་དང་། ངོ་མ་ཐབས་སྐྱོ་བོ་རེད།

  3. གུ་རུ་རྒྱལ་མཚན།

    དེ་རིང་སྲིད་སྐྱོང་དབུ་འཁྲིད་པའི་བཀའ་ཤག་གྲོས་ཚོགས་ནས་ཕྱིར་ཕེབས་གནང་བ་ཡག་པོ་བྱུང་མ་སོང་བསམ། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་འཆར་ཟིན་ནང་དོན་ཚན་ཅི་ཞིག་ལ་མོས་མཐུན་མེད་པ་དེ་སྐོར་བརྗོད་པ་དང་པོ་ཟིན་རྗེས་བཀའ་ཤག་གི་དགོངས་གཞི་ཇི་ཡོད་ལྟར་བཟོ་བཅོས་གྲོས་འཆར་ཞིག་རྣམ་ཕེབས་པ་ཡིན་ན་ཕྱོགས་གཉིས་ཀའི་དགོངས་ཚུལ་ཐོག་གྲོས་བསྡུར་ལྷུག་པོ་ཡོང་རྒྱུ་དང་། དེའི་སྐབས་བཀའ་ཤག་གིས་གསལ་བཤད་མཐར་ཕྱིན་པ་གནང་རྒྱུའི་གོ་སྐབས་ཡོད་མ་རེད་པས། བཀའ་ཤག་རང་ས་མ་ཟིན་པར་ཕྱི་ལ་ཐོན་རྒྱུ་དགོས་པ་ཅི་ཡང་མ་མཐོང་།

  4. ན་ནང་དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་ལ་མ་ཉེས་ཁ་གཡོག་བྱས་ནས་གྲོས་ཚོགས་ར་བ་ནས་ཕྱིར་ཐོན་སྐབས་མི་གཞན་དག་གིས་སྐད་ཆ་ག་རེ་བཤད་ཡོད།། ཧཧཧཧ ད་ལོར་སྲིད་སྐྱོང་ཕྱིར་ཕེབ་སྐབས་ཡང་དམངས་གཙོའི་ཐོབ་ཐང་ཡིན་སྐོར་བཤད་པ་འདི་ལ་གཅིག་གཟིགས་ད་གནས་ལུགས་དང་དྲང་བདེན་ཟེར་ནི་ཞིག་ཡོད་དམ་མེད།། ངོ་མ་ཕྱི་སྡོད་བོད་པ་རྣམས་འཚག་ཚར་འདུག ཞེན་ཁོག་རྐྱང་རྐྱང་མ་གཏོག་ཅི་ཡང་འཇོན་ནི་མ་རེད།།
    རྡ་སེའི་བཀའ་སྤྱི་གཉིས་ནི་ཙི་ཙི་དང་ཞི་མ་ནང་བཞིན་རེད།། བོད་སྤྱི་བ་ཕར་ཞོག་ཕྱི་གྱར་ཚོགས་སྡེ་ཆུང་ཆུང་འདི་འང་བདག་པོ་བརྒྱབ་ཐུབ་གི་མི་འདུག
    ༧གོང་ས་མཆོག་གིས་སྐུ་ལས་ཀྱོན་ཀྱོན་པ་དེ་ད་ཡིན་ན་སྟོང་ཟད་དུ་འགྲོ་ཉེན་འདུག ཁོ་རང་ཚོའི་དམིགས་ཡུལ་ཡང་དེ་འདྲ་ཡིན་སྲིད་པ་རེད།།
    དེ་མིན་ན་བཟོད་སྲན་དང་འབད་བརྩོན་བསམ་ཤེས་བྱེད་ཤེས་དགོས་པ་རེད།། ད་ཡིན་ན་མི་འདུག ཇོ་བོ་རིན་པོ་མི་འདུག ངོ་མ་སྐྱུག་དྲོ་བོ་ཞིག་འདུག

  5. བཀའ་ཤག་གྲོས་ཚོགས་ནས་ཕྱིར་ཐོན་རྗེས་བཀའ་བློན་ལྷན་རྒྱས་ཚོགས་མེད་ལ་བཀའ་བློན་ཚོ་ལས་ཁུངས་ལའང་བཅར་མེད། དགོངས་པའང་ཞུས་མེད། རང་མཚམས་ཀྱིས་བསྡད་པ་རེད། བྱས་ན་བཀའ་བློན་ཚོ་ལ་གླ་ཆ་སྤྲོད་དགོས་རེད་དམ། རང་མཚམས་ཀྱིས་བསྡད་པར་ཉེས་པ་ག་རེ་གཏོང་དགོས་རེད་དམ།

  6. རང་གི་ལུང་པ་ཤོར་ནས་གཞན་ཞིག་ལ་གནས་ཡོད་ཀྱང་བོད་པ་དེ་ཚོས་ཚོགས་འདུ་ཚོགས་སར་འཛིང་རིས་རེ་བྱས་ནས་བསྡད་ཡོད། ཞབས་འདྲེན་རང་རེད། འཇོན་རྒྱུ་གཅིག་ཀྱང་མེད་པར་ཁ་ནས་གནམ་སར་མི་ཤོང་རྒྱུ་རེ་བཤད་ནས་བསྡད་པ་དེ་ངོ་ཚ་བའི་གནས་རེད།

    1. ཉང་ངེས་འཁྱམ་པོས།

      འཛམ་གླིང་གི་རྒྱལ་ཁབ་ཕལ་མོ་ཆེ་བའི་གྲོས་ཚོགས་ཀྱི་རྭ་བའི་ནང་སྤྱི་དོན་གྱི་ཆེད་དུ་ཕན་ཚུན་དབར་འགག་པ་དང་། རྒྱབ་སྐྱོར། དེ་བཞིན་ཚིག་རྩུབ་སོགས་བེད་སྤྱོད་བྱེད་སྲོལ་ཡོད། དཔེར་ན་ ཐག་ཉེ་ས་ནས་བཤད་ན། རྒྱ་གར་གྱི་གྲོས་ཚོགས་རྭ་བ་ལྟ་བུའོ། དེས་ན་དེ་འདྲའི་གྲོས་གླེང་ལ་ཧོན་ཐོར་དགོས་དོན་མེད།

  7. འཇམ་དཔལ་ལེགས་བཟང་།

    འཛམ་གླིང་སྤྱི་ཡོངས་ཀྱི་འགྲོ་སྟངས་དང་མཐུན་པ་ཟེར་ན་ག་རེ་རེད། འཛམ་གླིང་སྤྱི་ཡོངས་ལ་བཙན་བྱོལ་ནང་གཞུང་ཡོད་པ་ང་ཚོ་ནང་བཞིན་མེད་པ། ལར་ནས་འཛམ་གླིང་སྤྱི་ཡོངས་ཀྱིས་ཆབ་སྲིད་ཚོགས་པ་བརྒྱུད་ནས་འོས་བསྡུ་གི་ཡོད། ང་ཚོ་ལ་ཆབ་སྲིད་ཚོགས་པ་མེད་པ་མ་ཟད་ཕྱོགས་འགལ་ཚོགས་པ་དེ་བས་ཀྱང་མེད། དེས་མ་ཟད་ང་ཚོའི་འོས་འཕེན་མཁན་གྱི་ཆུ་ཚད་ཧ་ཅང་སྐྱོ་བས་སྔོན་འགྲོ་དང་དངོས་གཞི་མེད་ན་འོས་བསྡུ་ཚགས་ཚུད་ཡོང་རྒྱུ་མེད་པ་གཏན་འཁེལ་རེད་ལ་ཧོལ་རྒྱུགས་ཤོར་རྒྱུ་ཡིན་པ་ཡང་ཐག་ཆོད་པ་རེད།
    འཛམ་གླིང་སྤྱི་ཡོངས་དང་མཐུན་པ་དགོས་ན་མི་གཅིག་ལ་འོས་གཅིག་བཟོས། ཆོལ་ཁའི་སྤྱི་འཐུས་མེད་པ་བཟོས། རང་མོས་ཀྱིས་མི་བཅུ་ལ་འོས་འཕེན་པ་ལས་ཡིན་གཅིག་ཆོལ་ཁ་སོ་སོ་ནས་འདེམས་མི་དགོས་པ་བཟོས། ཆབ་སྲིད་ཚོགས་པ་བཙུགས་ནས་འོས་མི་ཡང་དེ་ཁོངས་ནས་འདེམ་དུ་བཅུག དེ་འདྲ་བྱས་ན་འོས་བསྡུ་ཡང་ཐེངས་གཅིག་བྱས་ན་འགྲིག་གི་རེད།
    དེ་མིན་འདྲེ་མ་མཐོང་གོང་ནས་ཝ་རྒྱལ་ཡོངས་ན་བསྟན་ཤིག་གི་བྱེད་སྟངས་བྱབ་ཆུང་གཅིག་ལས་གཞན་གང་གང་ཡང་མི་འདུག

  8. བཀྲ་ཤིས་ཚེ་རིང་།

    ཁྲིམས་སྒྲིག་བཟོ་བཅོས་སྐབས་བཀའ་ཤག་མེད་ཀྱང་སྤྱི་འཐུས་གསུམ་ཆ་གཉིས་ཡོད་ན་འགྲིག འོན་ཀྱང་གྲོས་ཚོགས་འཐུས་མིར་སྔོན་རྩིས་ལས་དོན་དང་འབྲེལ་བར་ལན་འདེབས་བྱེད་དུས་བཀའ་ཤག་མ་ཡོང་ན་དེ་བཅའ་ཁྲིམས་དང་འགལ་བ་རེད། ལན་འདེབས་མ་བྱས་ན་བཀའ་ཤག་འཕོ་འགྱུར་གཏོང་ཆོག་པས་དེ་ལ་དཔགས་པའི་ཉེས་པ་གཏོང་དགོས་རེད།

  9. རིག་འཛིན་རྡོ་རྗེ།

    གྲོས་ཚོགས་ནང་སྤྱི་ཡོངས་བགྲོ་གླེང་དགོས་པར་སྤྱི་འཐུས་ཚོས་རྒྱབ་སྐྱོར་གནང་བ་ལས་བགྲོ་གླེང་གཞི་ནས་བྱ་རྒྱུ་རེད། བཀའ་བློན་ཚོས་བགྲོ་གླེང་ནང་ཆ་ཤས་མ་བླངས་པར་ལམ་སེང་ཐོན་འགྲོ་བ་དེ་གྲོས་ཚོགས་ལ་གནོན་ཤུགས་སྤྲད་པ་རེད། ལར་ནས་བཀའ་ཤག་གི་དགོངས་ཚུལ་གང་ཡིན་བགྲོ་གླེང་སྐབས་ཆ་ཤས་བླངས་ནས་གསལ་བཤད་བྱས་ཆོག་ཀྱང་དེ་འདྲ་མ་བྱས་པར་སྲིད་སྐྱོང་གིས་སྣེ་ཁྲིད་དེ་ཐོན་འགྲོ་བ་དེ་འགན་འཁུར་གྱི་ལས་ཀ་མ་རེད།

    1. ཐུབ་བསྟན་དབྱིག་གཉེན།

      གནས་ཚུལ་དེར་བསམ་ཞིབ་བྱེད་དགོས་པའི་གནད་དོན་གཉིས་འདུག་སྙམ། དང་པོ་བཀའ་ཤག་གིས་གནད་དོན་དེར་མོས་མཐུན་མེད་ན་གོང་དུ་གསུངས་པ་བཞིན་བསྐྱར་བཅོས་གྲོས་འཆར་བསྣམ་ནས་བཀའ་ཤག་གི་དགོངས་ཚུལ་ལ་སྤྱི་འཐུས་རྣམས་ཀྱིས་བགྲོ་གླེང་གནང་ཆོག སྤྱི་འཐུས་རྣམས་ཁྲིམས་བཟོ་གནང་རྒྱུའི་འགན་དབང་ཡོད་པ་ལས་བཀའ་ཤག་ཁྲིམས་བཟོ་གནང་མཁན་དེ་མ་རེད། ཁྲིམས་འཆར་ཇི་འདྲ་ཞིག་ཡིན་ནའང་དེར་བཀའ་ཤག་ལ་དགོངས་འཆར་ཆོག་པ་ལས་ཐག་གཅོད་གནང་རྒྱུའི་འགན་དབང་མེད། ད་ལམ་སྲིད་སྐྱོང་དབུས་པའི་བཀའ་བློན་རྣམས་གྲོས་ཚོགས་སུ་ཁྲིམས་འཆར་ལ་བགྲོ་གླེང་མ་གནང་གོང་གྲོས་ཚོགས་ནས་ཕྱིར་ཐོན་པ་དེ་ཁྲིམས་བཟོའི་དབང་ཚད་ལ་གུས་རྩིས་མ་གནང་བ་དང་། མ་འོངས་པར་ཁྲིམས་བཟོ་དང་འཛིན་སྐྱོང་གི་ཚན་པ་གཉིས་སོ་སོའི་འགན་དབང་འཛོལ་ཉེན་འགྱུར་སྲིད་པས་བཀའ་ཤག་གི་གནང་ཕྱོགས་དེ་འགྲོ་ལུགས་དང་ཁྲིམས་ཀྱི་དབང་ཚད་ལ་གུས་རྩིས་མ་གནང་བའི་ཐག་གཅོད་གཅིག་རེད། གཉིས་པ་ནི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་ལགས་ཚོགས་ཆུང་གི་ཚོགས་གཙོའི་འགན་དབང་ཐོག་ཁྲིམས་འཆར་དེ་གྲོས་ཚོགས་ལ་སྙན་གསེང་ཞུ་མཁན་དེ་ཡིན་བཞིན་གྲོས་ཚོགས་ནས་ཕྱིར་ཐོན་པ་དེ་སོ་སོའི་འགན་འཁུར་གཏན་ནས་མ་འཁྱེར་བར་ཚོགས་ལ་མཐོང་ཆུང་དང་ཁྱད་གསོད་བྱས་པ་རེད། གལ་སྲིད་ཁོང་གིས་ཚོགས་ཆུང་གི་དགོངས་འཆར་ལ་མོས་མཐུན་གནང་གི་མེད་ན། ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་མི་གཉིས་ནས་དགོངས་ཞུ་གནང་དགོས་པ་ལས་བཀའ་བློན་གཞན་བཞིན་གནང་བ་དེ་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་བསྐུར་བའི་ལས་འགན་ལ་རྩིས་བསྐུར་གནང་མེད། དེ་ནི་ནག་ཉེས་ཆེན་པོ་རེད། ཁོང་ནས་སྒྲོག་གཞི་བསྐྱར་བཅོས་ཚོགས་ཆུང་ནས་དགོངས་ཞུ་གནང་རྗེས་བཀའ་བློན་གཞན་བཞིན་གནང་བ་ཡིན་ན་འགྲིགས་པ་རེད། དེའི་གོང་བཀའ་བློན་ཁྲི་པ་དང་བཀག་ཤག སྤྱི་འཐུས་ཚོགས་གཙོ་དང་སྤྱི་འཐུས་བྱེ་བྲག་པ་སོགས་གྲོས་ཚོགས་ནས་ཕྱིར་ཐོན་པའི་གནས་ཚུལ་བྱུང་ཡོད། དེ་དག་ནི་སྐྱེ་བོ་སྒེར་སོ་སོར་ནག་འཛུགས་བྱས་པ་དང་། ཡང་ན་གནད་དོན་གང་ཞིག་ལ་སོ་སོ་སྒེར་གྱིས་ངོས་ལེན་མེད་པའི་རྣམ་འགྱུར་འདོན་རྒྱུར་གྲོས་ཚོགས་ནས་ཕྱིར་ཐོན་ཡོད། ད་ལམ་གྱི་གནས་ཚུལ་དེ་ནི་གནས་སྟངས་དེ་དག་དང་གཏན་ནས་མི་འདྲ་བར་ཁྲིམས་འཆར་ཞིག་གི་ནང་གསེས་དོན་ཚན་གཅིག་ལ་མོས་མཐུན་མེད་པའི་རྒྱུ་མཚན་ལ་བརྟེན་ནས་ཕྱིར་ཐོན་པ་ཞིག་ཡིན་པར་བརྟེན་བཀའ་ཤག་གིས་གྲོས་ཚོགས་ལ་གནོན་ཤུགས་སྤྲོད་རྒྱུའི་ཐབས་ཤེས་ཤིག་ཀྱང་ཡིན་པས་གནང་ཕྱོགས་དེ་ནི་མང་གཙོ་དང་གྲོས་ཚོགས་བཅས་ལ་གུས་རྩིས་མ་གནང་བ་ཞིག་ཡིན་པ་མ་ཟད། གནོན་ཤུགས་སྤྲོད་ཐབས་ཀྱི་ཐབས་བྱུས་ནི་མང་གཙོའི་ལམ་ལུགས་ནང་གཞན་གྱི་རང་དབང་ལ་རྩིས་མེད་བཏང་བ་ཞིག་ཀྱང་རེད།