བཅོས་སྒྱུར་བཏང་བ་ཙམ་གྱིས་སྲིད་དབང་སྒེར་འཛིན་པར་མི་འགྱུར་ཟེར།

སི་ཨན་ཨན་གསར་ཁང་གིས་ ༢༠༡༧།༤།༡༩ ཉིན་སྤེལ།

ཊར་ཀེའི་མང་མོས་འོས་བསྡུ་མཇུག་རྫོགས་དང་བསྟུན་ཏེ། སི་ཨན་ཨན་གསར་ཁང་གི་གསར་འགོད་པ་བྷི་ཁེ་ཨན་ཌར་སོན་(Becky Anderson)གྱིས་ཊར་ཀེའི་རྒྱལ་ས་ཨན་ཁི་རའི་སྲིད་འཛིན་ཕོ་བྲང་དུ། ཐེངས་འདིའི་འོས་བསྡུའི་གནས་སྟངས་དང་། མང་ཚོགས་ཁྲོད་སྲིད་འཛིན་སྐུ་ཞབས་རཱི་སིབ་ཊི་ཡབ་ཨིར་ཌོ་གྷན་(Recep Tayyip Erdogan)ལགས་སྲིད་དབང་སྒེར་འཛིན་པ་ཞིག་ཡིན་པའི་སྐྱོན་བརྗོད་ཡོང་གི་ཡོད་པ་སོགས་ཀྱི་སྐོར་ལ་སྲིད་འཛིན་ཨིར་ཌོ་གྷན་ལགས་སུ་བཅར་འདྲི་བྱས་སྐབས། ཨིར་ཌོ་གྷན་གྱིས་ཁོས་བསྐྱར་དུ་སྲིད་དབང་བཟུང་བ་དེས་ཁོ་རང་སྲིད་དབང་སྒེར་འཛིན་པ་ཞིག་ཏུ་གྱུར་མེད་སྐོར་ཨུ་ཚུགས་མཐར་སྐྱེལ་བྱས་ཡོད་པ་རེད།

ཕྱི་ཚེས་ ༡༦ ཉིན་སྲིད་འཛིན་ལས་དོན་ཚོགས་པ་(AKP)ཞེས་པས་མང་མོས་འོས་བསྡུ་བརྒྱུད་དེ་གཞུང་གི་བཅའ་ཁྲིམས་བསྐྱར་བཅོས་གཏོང་དགོས་པའི་ཁྲིམས་འཆར་དོན་ཚན་ ༡༨ བཏོན་ཏེ། ཊར་ཀེ་གྲོས་ཚོགས་ལམ་ལུགས་ནས་སྲིད་འཛིན་ལམ་ལུགས་སུ་བསྒྱུར་ཡོད་པ་དང་། ལས་དོན་དེས་སྲིད་འཛིན་ཨིར་ཌོ་གྷན་ལ་སྔ་ན་མེད་པའི་དབང་ཤུགས་ཁྱབ་བསྒྱུར་གྱི་ནུས་ཤུགས་ཆེ་རུ་བཏང་ཡོད།

སྐུ་ཞབས་ཨིར་ཌོ་གྷན་ལགས་ཀྱིས་གཟའ་ཉི་མའི་ཉིན་གྱི་ཊར་ཀེའི་མང་མོས་འོས་བསྡུའི་སྐབས། མི་མང་གིས་གཞུང་གི་བཅའ་ཁྲིམས་བསྐྱར་བཅོས་གཏོང་དགོས་པར་རྒྱབ་སྐྱོར་བྱས་ཡོད་པ་རེད་མ་གཏོགས་ང་གང་ཟག་སྒེར་ལ་རྒྱབ་སྐྱོར་བྱས་པ་ཞིག་མ་རེད། དངོས་ཡོད་གནས་སྟངས་ཐོག་ནས་ཀྱང་ང་མི་རྟག་པ་ཡིན་སྟབས་ག་དུས་འཆི་མིན་སུས་ཀྱང་བཤད་ཐུབ་པ་མ་རེད་ཅེས་བརྗོད།

ཊར་ཀེའི་མི་མང་པོ་ཞིག་གིས་སྐུ་ཞབས་ཨིར་ཌོ་གྷན་ལགས་ཀྱིས་རང་ཉིད་ཀྱི་དབང་ཤུགས་ཆེ་རུ་གཏོང་གི་ཡོད་པ་ལས་རྒྱལ་ཁབ་ཀྱི་ཆབ་སྲིད་ལེགས་བཅོས་གཏོང་རྒྱུའི་ཐུགས་འདོད་མེད་སྐོར་རྗོད་ཀྱི་ཡོད་ཀྱང་། ཁོས་དེར་ངོས་ལེན་རྩ་བ་ནས་བྱེད་ཀྱི་མེད་པར། དེའི་ཐད་ “ཐེངས་འདིའི་བཅའ་ཁྲིམས་བསྐྱར་བཅོས་ཀྱིས་འགྱུར་བ་ཞིག་མཚོན་གྱི་ཡོད། དེ་ནི་ཊར་ཀེའི་འདས་བའི་དམངས་གཙོའི་ལོ་རྒྱུས་མདུན་སྐྱོད་ཆེན་པོ་ཞིག་བྱས་པའི་མངོན་རྟགས་རེད་” ཅེས་བརྗོད་ཡོད།

ཐེངས་འདིའི་བཅའ་ཁྲིམས་བསྐྱར་བཅོས་ཀྱིས་སྲིད་འཛིན་ལ་དབང་ཤུགས་ཚད་མེད་པ་ཞིག་སྤྲད་ཡོད། སྲིད་འཛིན་གྱིས་སྲིད་བློན་གོ་གནས་མེད་པ་གཏོང་ཐུབ་པ་མ་ཟད། བཀའ་བློན་དང་ཁྲིམས་དཔོན་སོགས་ཀྱང་སྲིད་འཛིན་གྱིས་བསྐོ་བཞག་བྱེད་ཆོག་པ་བཟོས་ཡོད། མདོར་ན་གྲོས་ཚོགས་ཀྱིས་ཀྱང་ཁྲིམས་དོན་ལས་འཆར་ལ་བསྐྱར་ཞིབ་དང་བསྒྱུར་བཅོས་བྱེད་པའི་དབང་ཆ་མེད།

ན་ནིང་ཊར་ཀེ་ནང་གཞུང་ལ་ངོ་རྒོལ་བྱུང་པ་ནས་བཟུང་། སྲིད་འཛིན་ཨིར་ཌོ་གྷན་གྱིས་མི་མང་ ༤༧༠༠༠ ལྷག་འཛིན་བཟུང་དང་གསར་འགོད་པ་ ༢༠༠ མ་ཟིན་ཙམ་བཀག་སྡོམ་བྱས་ཏེ། ཊར་ཀེ་ནི་འཛམ་གླིང་ཐོག་གསར་འགོད་རང་དབང་བཀག་སྡོམ་སྡུག་ཤོས་ཀྱི་རྒྱལ་ཁབ་དེ་ཆགས་ཡོད་ལ། སྲིད་འཛིན་གྱིས་ཀྱང་གཞུང་གི་ཚོགས་འདུ་ཚོགས་ས་ཡོངས་ལ་སྒེར་གྱི་དབང་ཤུགས་སྤྱད་དེ་ངོ་རྒོལ་བྱེད་མཁན་ལ་དྲག་གནོན་བྱེད་མགོ་བརྩམས་ཡོད།

བཅོས་སྒྱུར་ནི་སྲིད་དབང་སྒེར་འཛིན་གྱི་གོམ་སྟབས་ཤིག་མ་རེད།
ཊར་ཀེ་མི་མང་གིས་སྲིད་འཛིན་ཨིར་ཌོ་གྷན་གྱིས་བཅའ་ཁྲིམས་བསྐྱར་བཅོས་བཏང་སྟེ། སྲིད་དབང་སྒེར་འཛིན་བྱེད་འདོད་ཡོད་པ་རེད་ཅེས་སྐྱོན་བརྗོད་བྱེད་ཀྱིན་ཡོད་ཀྱང་། ཁོ་རང་གིས་དེའི་ལན་དུ་ “སྲིད་དབང་སྒེར་འཛིན་ལམ་ལུགས་གང་ན་འདུག སྲིད་དབང་སྒེར་འཛིན་ལམ་ལུགས་བཟོ་བཞིན་ཡོད་ན་ང་ཚོར་སྲིད་འཛིན་ལམ་ལུགས་ཤིག་དགོས་དོན་མེད། ”ཅེས་དང་། “ང་ཚོར་འོས་སྒམ་ཡོད་པ་དེས་མི་མང་གིས་བཟུང་བའི་དམངས་གཙོའི་སྟོབས་ཤུགས་མཚོན་གྱི་ཡོད་ལ། དམངས་གཙོའི་རྒྱལ་ཁབ་ཟེར་བའང་འདི་ལས་ལྷག་ཅིག་གང་ན་ཡོད།” ཅེས་བརྗོད་ཡོད།

སྐུ་ཞབས་ཨིར་ཌོ་གྷན་གྱིས་དེ་སྔ་གཞུང་ལ་ངོ་རྒོལ་བྱེད་མཁན་མང་པོ་དྲག་གནོན་བྱས་ཡོད་མེད་ལ་མ་ལྟོས་བར། ཐེངས་འདིའི་མང་མོས་འོས་བསྡུའི་ཁྲོད་ཁོ་ལ་རྒྱལ་ཁ་ཐོབ་པ་དེས་གྲི་ལ་རྣོ་བསྣན་ཡོད་པ་དང་། འོས་བསྡུའི་ཁྲོད་ཁོ་ལ་འོས་བརྒྱ་ཆ་ ༥༡་༤ ཐོབ་སྟེ། ཁོས་སྲིད་འཛིན་ལམ་ལུགས་མུ་མཐུད་རྒྱུན་འཁྱོངས་བྱེད་ཐུབ་པ་བྱུང་ཡོད།

སྐུ་ཞབས་ཨིར་ཌོ་གྷན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་རང་གི་འོས་བསྡུའི་རྒྱལ་ཁར་བདེན་ཁ་ཆེ་མིན་ལ་མ་ལྟོས་པར། སྐད་འབོད་རྒྱག་མཁན་མི་མང་གུ་ཡངས་གཏོང་འདོད་མེད་པའི་རྣམ་འགྱུར་སྟོན་གྱི་ཡོད་པ་མ་ཟད། ཁོས་རྩེད་མོ་རྩེད་བ་ལྟ་བུའི་རྒྱབ་ལྗོངས་ཤིག་དང་འབྲེལ་ཏེ། “ རྒྱལ་ཁ་ནི་རྒྱལ་ཁ་རེད། ང་རྐང་རྩེད་སྤོ་ལོ་རྩེད་ཤེས་མཁན་ཞིག་ཡིན། གལ་སྲིད་ཁྱེད་ཀྱི་རུ་ཁག་གིས་རུ་ཁག་ཕ་རོལ་བོ་ལས་སྤོ་ལོ་ ༡-༠ ལས་རྒྱལ་བ་དང་། ཡང་ན་ ༥-༠ ལས་རྒྱལ་བ་གང་ཡིན་ཡང་མཐར་ཐུག་གི་དམིགས་ཡུལ་ནི་རྒྱལ་ཁ་ལེན་རྒྱུ་དེ་རེད་” ཅེས་བརྗོད་ཡོད།

ཊར་ཀེའི་མི་མང་པོ་ཞིག་གིས་ཐེངས་འདིར་མང་མོས་འོས་བསྡུ་བྱེད་དོན་ནི། སྲིད་འཛིན་ཨིར་ཌོ་གྷན་ཡག་པོ་ཡོད་མེད་ཐོག་འོས་བསྡུ་བྱས་པ་ཞིག་ཏུ་མཐོང་གི་ཡོད། རྒྱུ་མཚན་ནི། ཐོག་མ་ཁོ་རང་སྲིད་བློན་དུ་བསྡད་ཡོད་པ་དང་། རྗེས་ལ་ཁོས་སྲིད་འཛིན་ལམ་ལུགས་བཟོས་ཏེ་ད་བར་སྲིད་དབང་བཟུང་བའི་ལོ་རབས་གཅིག་གི་དུས་ཡུན་རིང་ཁོས་རྒྱལ་ཁབ་ཡར་རྒྱས་དང་དཔལ་འབྱོར་གོང་འཕེལ་བཏང་ཡོད་འདུག

ཐེངས་འདིའི་མང་མོས་འོས་བསྡུའི་སྐབས་ཨིར་ཌོ་གྷན་ལགས་སུ་རྒྱབ་སྐྱོར་བྱེད་མཁན་ཚོས། རྒྱལ་ཁབ་འདི་སྲིད་འཛིན་སྟོབས་ཤུགས་ཅན་ཞིག་གི་འོག་ཏུ་གནས་ན། མ་འོངས་པར་རྒྱལ་ཁབ་སྲ་བརྟན་དང་ཡར་རྒྱས་འགྲོ་སྲིད་པར་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད་པ་དང་། ཁ་གཏད་ཚོའི་ངོས་ནས་མང་མོས་འོས་བསྡུ་བརྒྱུད་དེ་དབང་ཆ་ལ་དགའ་བའི་ཨིར་ཌོ་གྷན་སྲིད་སྟེགས་ལས་མར་འཕབ་དགོས་པའི་བསམ་ཚུལ་བཟུང་ཡོད།

རྒྱལ་སྤྱིའི་འོས་བསྡུ་ལྟ་ཞིབ་ཚོགས་པས་ཕྱི་ཚེས་ ༡༧ ཉིན་གསལ་བསྒྲགས་སྤེལ་བ་ལྟར་ན། ཐེངས་འདིའི་ཊར་ཀེའི་མང་མོས་འོས་བསྡུ་དེར་འདྲ་མཉམ་དང་དྲང་བདེན་ཡོང་མེད་པ་མ་ཟད། འོས་བསྡུར་རྒྱབ་སྐྱོར་བྱེད་མཁན་ཕྱོགས་ཁག་གིས་གསར་འགྱུར་བརྒྱུད་ལམ་ཁག་ལ་དམ་དྲག་ནན་མོ་བྱས་ཡོད་སྐོར་བརྗོད་ཡོད། རེའུ་ཊར་གསར་ཁང་གི་གནས་ཚུལ་ནང་། སྐུ་ཞབས་ཨིར་ཌོ་གྷན་གྱིས་ཐེངས་འདིར་རྒྱལ་སྤྱིའི་འོས་བསྡུ་རྟོག་ཞིབ་ཚོགས་པའི་འཐུས་མི་ཚོར་རང་ཚོད་འཛིན་དགོས་པའི་ཉེན་བརྡ་བཏང་ཡོད་པ་མ་ཟད། ཁོས་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱིས་ཁོ་རང་མི་མང་སྲོག་ཐོག་གཏོང་མཁན་གྱི་ཉེས་འཛུགས་བྱས་པ། ཐེངས་འདིའི་འོས་བསྡུའི་གྲུབ་འབྲས་ལ་ཐེ་གཏོགས་བྱེད་རྒྱུ་མཚམས་འཇོག་དགོས་པའི་ཉེན་བརྡའང་བཏང་ཡོད་འདུག

ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཁ་དན་ཚིག་ལ་གནས་དགོས།

སྐུ་ཞབས་ཨིར་ཌོ་གྷན་གྱིས་ཡུ་རོབ་མཐུན་ཚོགས་ཀྱིས་ཊར་ཀེ་གཞུང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ནང་ཞུགས་ཆོག་པའི་ཁས་ལེན་བྱས་ཡོད་ཀྱང་ད་ལྟ་ཁ་བཤད་དོན་ལ་གནས་ཀྱི་མི་འདུག་ཅེས་སྐྱོན་བརྗོད་བྱས་ཡོད། ཁོས་ “ང་ཚོ་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་སྒོ་འགྲམ་དུ་ལོ་ངོ་ ༥༤ རིང་སྒུག་པ་ཡིན།” ཞེས་དང་། “གནད་དོན་འདི་ཆབ་སྲིད་ཐོག་ནས་བཤད་ན་བཟོད་སྒོམ་བྱེད་ཐུབ་པ་ཞིག་མ་རེད། རྒྱུ་མཚན་ནི། ང་ཚོས་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱིས་བཏོན་པའི་ཆ་རྐྱེན་ཚང་མ་ངོས་ལེན་བྱས་ཡོད་ཀྱང་། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཁ་དན་ཚིག་ལ་གནས་མེད། ངས་བསམ་ན་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱིས་ངེས་པར་དུ་ཁས་ལངས་བའི་དམ་བཅའ་འགན་སྲུང་བྱེད་དགོས་ཀྱི་འདུག”ཅེས་དང་། “གལ་སྲིད་ཁོ་ཚོས་རང་ཉིད་ཀྱིས་ཁས་བླངས་པའི་དམ་བཅའ་ལག་ལེན་བསྟར་ཚེ་ཊར་ཀེ་གཞུང་མར་བསྡད་ཆོག་གི་རེད། དེ་མིན་ཁོ་ཚོས་གོམ་སྟབས་ག་འདྲ་ཞིག་རྒྱག་མིན་ལ་ང་ཚོས་བལྟ་ཆོག་གི་རེད།” ཅེས་བརྗོད་ཡོད།

ཊར་ཀའི་གཞུང་དང་ཡུ་རོབ་མཉམ་འབྲེལ་གྱི་མགོ་ཁྲིད་ཚོའི་བར་སྐྱབས་བཅོལ་བ་བཀག་སྡོམ་གྲོས་ཆོད་སྐོར་ལ་གདོང་ཐུག་ཡང་ཡང་ཡོང་གི་ཡོད་པ་དང་། ཊར་ཀེའི་མི་མང་གིས་སྲིད་གཞུང་གིས་སོ་སོའི་མི་སེར་ལས་ལྷག་གི་སྐྱབས་བཅོལ་བ་ཚོའི་ཆེ་དུ་ལས་དོན་བྱེད་བཞིན་ཡོད་ཀྱང་། སྐྱབས་བཅོལ་བ་ཚོའི་ཐོག་ནས་སྲིད་གཞུང་ལ་ཁེ་ཕན་གང་ཡང་རེག་གི་མེད་པ་མ་ཟད། འདས་པའི་ལོ་མང་གོང་ནས་ཊར་ཀེའི་མི་སེར་ཡུ་རོབ་རྒྱལ་ཁབ་གཞན་ནང་འགྲོ་བར་ཕྱི་སྐྱོད་ལག་འཁྱེར་ཡང་སྤྲོད་ཀྱི་མེད།

ཨིར་ཌོ་གྷན་གྱིས་ཨ་རིའི་སྲིད་འཛིན་ཊི་རུམ་ཕི་དང་ཐུག་འཕྲད་བྱ་རྒྱུ་ཡིན་ཟེར།

ཨ་རིའི་སྲིད་འཛིན་ཊོ་ནཱལ་ཊི་རུམ་ཕིས་ཡུ་རོབ་ཀྱི་དབུ་ཁྲིད་དག་དང་མི་འདྲ་བར་ཁ་པར་བརྒྱུད་དེ་ཨིར་ཌོ་གྷན་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུས་ཡོད་པ་དང་། ཨིར་ཌོ་གྷན་གྱིས་ཀྱང་ཊི་རུམ་ཕི་ལ་རྒྱལ་ཁབ་ཕན་ཚུན་བར་མུ་མཐུད་འབྲེལ་ལམ་རྒྱུན་འཁྱོངས་བྱེད་འདོད་ཡོད་སྐོར་བརྗོད་དོན། “ངེད་གཉིས་ཐད་ཀར་ངོ་ཐུག་སྟེ་རྒྱལ་ཁབ་ཕན་ཚུན་གྱི་འབྲེལ་ལམ་གོང་སྤེལ་གཏོང་བའི་རེ་བ་ཡོད་”ཅེས་བརྗོད་ཡོད།

ཊར་ཀེ་ནི་འཛམ་གླིང་དམག་ཆེན་གཉིས་བ་མཇུག་རྫོགས་རྗེས་ཨ་རི་སོགས་མཐུན་ཕྱོགས་རྒྱལ་ཁབ་མང་པོ་ཞིག་གིས་དཔུང་བསྒྲིལ་བྱས་ཏེ་བྱང་ཆིངས་སྒྲིག་འཛུགས་ནཱ་ཊོའོ་(NATO)ཞེས་པ་རྩ་འཛུགས་བྱས་པའི་ཁོངས་གཏོགས་རྒྱལ་ཁབ་ཅིག་ཡིན་པ་དང་། ཡུ་རོབ་དང་ཤར་ཕྱོགས་རྒྱལ་ཁབ་ཁག་བར་གྱི་ཟམ་པ་ལྟ་བུ་ཞིག་ཀྱང་ཆགས་ཡོད། འོན་ཀྱང་། ཊར་ཀེ་གཞུང་གིས་མཐུན་ཕྱོགས་རྒྱལ་ཁབ་ཁག་ལ་ཁ་ཆེ་དྲག་སྤྱོད་པ་ཚར་གཅོད་དང་སི་རེ་ཡའི་སྐྱབས་བཅོལ་བ་བཀག་སྡོམ་བྱེད་པར་རོགས་འདེགས་བྱེད་ཐུབ་ཀྱི་མེད་སྟབས། ད་ལྟ་ཊར་ཀེ་ནང་སི་རེ་ཡའི་སྐྱབས་བཅོལ་བ་ས་ཡ་ ༣ ཙམ་སྡོད་ཀྱི་ཡོད་སྟབས། ཊར་ཀེ་གཞུང་གིས་རང་ཉིད་ཀྱི་སྒོ་འགྲམ་དུ་ཡོད་པའི་སྐྱབས་བཅོལ་བའི་དཀའ་ངལ་ལ་གདོང་ལེན་བྱེད་དགོས་པ་ཆགས་ཡོད།

ང་ཚོས་ཁོ་ལ་ཨ་རི་དང་ཊར་ཀེ་མཉམ་བྱེད་འདོད་ཡོད་མེད་དྲིས་སྐབས། སྐུ་ཞབས་ཨིར་ཌོ་གྷན་གྱིས་“སྲིད་འཛིན་ཊི་རུམ་ཕི་ཡི་ཊར་ཀེ་ལ་གཟིགས་ཕྱོགས་དེས་ང་ཚོར་སྤྲོ་སྣང་ཆེན་པོ་སྤྲད་སོང་། ཨ་རི་དང་ཊར་ཀེ་གཉིས་མཐུན་ཕྱོགས་རྒྱལ་ཁབ་ཡིན་སྟབས། ང་ཚོས་མཉམ་འབྲེལ་བྱས་ན་གདོང་ལེན་བྱེད་མི་ཐུབ་པའི་དཀའ་ངལ་གཅིག་ཀྱང་ཡོད་པ་མ་རེད་ཅེས་བརྗོད་ཡོད།

བསྐྱར་བཅོས།: ༢༠༡༧/༠༤/༢༣

Leave a Reply