ཊི་རུམ་ཕིས་གནས་སྤོའི་སྲིད་ཇུས་རྩོད་རྙོག་ཕྱི་གསལ་ནང་གསལ་བཟོ་རྒྱུ་ཡིན།

རེས་གཟའ་ཕུར་བའི་ཉིན་ཨ་རིའི་སྲིད་འཛིན་ཊི་རུམ་ཕིས་དེ་སྔོན་ཁ་ཆེ་ལུང་པ་བདུན་གྱི་མི་སེར་རྣམས་ཨ་རིའི་ནང་འགྲུལ་སྐྱོད་མི་ཆོག་པའི་བཀའ་ཁྱབ་བཏང་བ་དེ་རྩོད་རྙོག་ཆགས་ཡོད་སྟབས། དེའི་ཚབ་ཏུ་བཀའ་ཁྱབ་གསར་བ་ཞིག་ཕྱིར་བསྒྲགས་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

ཁ་སང་གཟའ་ཕུར་བའི་ཉིན་ཕོ་བྲང་དཀར་པོས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། སྲིད་འཛིན་ཊི་རུམ་ཕིས་གནས་སྤོའི་སྲིད་ཇུས་གསར་བའི་ནང་། ད་ལྟ་ལག་བསྟར་བྱེད་ཀྱིན་པའི་གནས་སྤོ་སྲིད་ཇུས་ལ་མངའ་སྡེའི་ཁྲིམས་དཔོན་ཚོས་སྐྱོན་བརྗོད་བྱེད་ཀྱིན་ཡོད་སྟབས། རྩོད་རྙོག་དེའི་ཐད་ལ་གླེང་སློང་བྱ་འཆར་ཡོད་སྐོར་བཤད་འདུག

ཊི་རུམ་ཕིས་བཤད་རྒྱུར། “ ང་ཚོའི་ཁྲིམས་ཁང་ཧ་ཅང་སྡུག་ཅག་འདུག གནས་སྤོ་སྲིད་ཇུས་གསར་བའི་ནང་ངས་ཐག་གཅོད་གང་བྱས་པ་དེ་ཧ་ཅང་སྡུག་ཅག་ཡོད་མེད་ཕྱི་གསལ་ནང་གསལ་བཟོ་རྒྱུའི་འཆར་གཞི་ཡོད།” ཅེས་བརྗོད་འདུག

ཊི་རུམ་ཕིས་གནས་སྤོའི་སྲིད་ཇུས་བསྐྱར་བཅོས་ཀྱི་ཟླ་ཚེས་གསལ་བཤད་བྱས་མེད་སྟབས། ཁྲིམས་དོན་ཆེད་མཁས་པ་ཚོས་གལ་སྲིད་ཊི་རུམ་ཕིས་གནས་སྤོའི་སྲིད་ཇུས་གསར་པའི་ནང་ཁ་ཆེ་ལུང་པ་ཁག་ནས་མ་ཡིན་པ་དང་། གནས་སྤོ་མི་སེར་ཡང་མ་ཡིན་པ་ཚོ་ཨ་རིའི་ནང་གནས་སྡོད་ཆོག་པའི་བཀའ་འཁྲོལ་སྤྲད་པ་ཡིན་ན། དེ་ནི་ཁོ་རང་གིས་ཁྲིམས་ཁང་གི་ཁྲིམས་ཞིབ་ལ་འགོག་རྒོལ་བྱེད་པའི་གོ་སྐབས་བཙལ་བ་ཞིག་ཡིན་སྐོར་བཤད་འདུག

ཟླ་སྔོན་མའི་ཚེས་ ༢༧ ཕྱིར་བསྒྲགས་བྱས་པའི་གནས་སྤོའི་སྲིད་ཇུས་དེས་ཨ་རིའི་ནང་འགྲིམ་འགྲུལ་དཀའ་ཁག་གི་ཟིང་ཆ་བཟོས་པ་མ་ཟད། རྒྱལ་སྤྱི་རང་བཞིན་གྱི་ངོ་རྒོལ་ལས་འགུལ་བསླངས་པར་བརྟེན་ཏེ། ཨ་རིའི་ཁྲིམས་དཔོན་དང་ཁེ་ལས་བ་མང་པོས་གཞུང་ལ་སྐྱོན་བརྗོད་བྱེད་ཀྱིན་ཡོད།

གཟའ་ཕུར་བའི་ཉིན་ཨ་རིའི་ཁྲིམས་ཞིབ་ཁང་ (Justice Department) གིས་ཁྲིམས་ཞིབ་ཡིག་ཆ་ཁག་ཅིག་བཏོན་པའི་ནང་། ཨ་རིའི་མངའ་སྡེ་ ༩ མཉམ་འབྲེལ་ཁྲིམས་ཁང་གི་ཁྲིམས་དཔོན་ཚོས། རྒྱལ་སྤྱིའི་ཐོག་ཊི་རུམ་ཕིའི་ཁྲིམས་འགལ་གནས་སྤོ་བ་ཕྱིར་འཕུད་དང་སྐྱབས་བཅོལ་བ་བཀག་སྡོམ་སྲིད་ཇུས་ལ་སྐྱོན་བརྗོད་མ་བྱས་སྔོན་གྱི་ཁྲིམས་བཤེར་ཡིག་ཆ་ཁག་ཕྱིར་འཐེན་བྱེད་དགོས་མིན་དོགས་འདྲི་བྱས་ཡོད་པ་དང་། རྒྱལ་ས་ཝ་ཤིན་ཊོན་ནང་ཡོད་པའི་མངའ་སྡེ་དགུ་མཉམ་འབྲེལ་ཁྲིམས་ཁང་གིས་ཨ་རིའི་རྩ་ཁྲིམས་ཐད་རྩོད་རྙོག་འབྱུང་བཞིན་པའི་སྐབས་དང་བསྟུན་ཏེ། ཊི་རུམ་ཕིའི་གནས་སྤོའི་སྲིད་ཇུས་ཕྱིར་འཐེན་བྱེད་དགོས་པའི་སྐྱོན་བརྗོད་བྱས་ཡོད།

ཨ་རིའི་ཁྲིམས་ཞིབ་ཁང་གིས་ད་ལྟ་ལག་བསྟར་བྱེད་ཀྱིན་པའི་གནས་སྤོའི་སྲིད་ཇུས་ཕྱིར་འཐེན་བྱས་ཏེ་སྲིད་ཇུས་གསར་བ་ཞིག་གང་མགྱོགས་ཕྱིར་བསྒྲགས་བྱ་རྒྱུ་ཡིན་ཞེས་མངའ་སྡེ་མཉམ་འབྲེལ་ཁྲིམས་ཁང་ལ་བརྗོད་རྗེས། མངའ་སྡེ་མཉམ་འབྲེལ་ཁྲིམས་ཁང་གིས་ད་ལྟ་འགྲོ་བཞིན་པའི་ཁ་མཆུ་ཕྱིར་འཐེན་བྱས་ཡོད་ནའང་དེ་སྔའི་ཁ་མཆུ་ཚང་མ་ཕྱིར་འཐེན་བྱ་རྒྱུ་ཡིན་མིན་གསལ་ཁ་མི་འདུག

རོའུ་ཊར་གསར་ཁང་གི་ཞིབ་འཇུག་ལྟར་ན། ཨ་རིའི་མི་འབོར་ཕྱེད་ཀ་ཙམ་གྱིས་ཊི་རུམ་ཕིའི་གནས་སྤོའི་སྲིད་ཇུས་ལ་རྒྱབ་སྐྱོར་དང་མི་འབོར་ཕྱེད་ཀ་ཙམ་གྱིས་སྐྱོན་བརྗོད་བྱེད་ཀྱིན་ཡོད་འདུག

ཁྲིམས་གཞི།

མངའ་སྡེ་མཉམ་འབྲེལ་ཁྲིམས་ཁང་གི་ཁ་མཆུའི་ཐད་སྤྱི་ཁྱབ་ཁྲིམས་དཔོན་བྷོབ་བྷི་ཧྥིར་གྷུ་སོན་ (Bob Ferguson) ལགས་ཀྱིས་བརྗོད་དོན། “མངའ་སྡེ་མཉམ་འབྲེལ་ཁྲིམས་ཁང་གིས། ད་ལྟ་ལག་བསྟར་བྱེད་ཀྱིན་པའི་སྲིད་འཛིན་ཊི་རུམ་ཕིའི་གནས་སྤོའི་སྲིད་ཇུས་དེས། ཨ་རིའི་རྩ་ཁྲིམས་རྡོག་རོལ་བཏང་ཡོད་པར་ངོས་འཛིན་བྱས་ཡོད། རྩོད་རྙོག་དེ་སྲིད་འཛིན་གྱིས་ཆེས་མཐོའི་ཁྲིམས་ཁང་བརྒྱུད་བསྐྱར་ཞིབ་བྱེད་དགོས་ཀྱི་ཡོད་ནའང་། དེ་ལྟར་བྱེད་ཐུབ་མེད” ཅེས་བརྗོད་འདུག

ཊི་རུམ་ཕིས་གནས་སྤོའི་སྲིད་ཇུས་གསར་བ་ཞིག་ཕྱིར་བསྒྲགས་བྱ་རྒྱུ་ཐག་བཅད་པ་དེས། དེ་སྔའི་གནས་སྤོའི་སྲིད་ཇུས་ལ་ཁྲིམས་ཁང་གིས་སྐྱོན་བརྗོད་བྱས་པའི་རྩོད་རྙོག་སེལ་ཐུབ་མིན་ད་སྔ་གསལ་ཁ་བྱུང་མེད་པ་དང་། ཁྲིམས་ཐོག་ནས་སྐྱོན་བརྗོད་བྱེད་མཁན་ཚོས། ཊི་རུམ་ཕིའི་གནས་སྤོ་སྲིད་ཇུས་གསར་བ་དེ་ཁྲིམས་གཞི་དང་མཐུན་མིན་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

དེ་སྔོན་ཊི་རུམ་ཕིས་ཁ་ཆེ་འཇིགས་སྐུལ་བ་འགོག་རྒོལ་ཆེད་གནས་སྤོ་བ་དང་སྐྱབས་བཅོལ་བའི་འགྲུལ་སྤྱོད་ལ་ཚོད་འཛིན་བྱས་ཏེ་ཨ་རི་སྲུང་སྐྱོབ་བྱེད་དགོས་སྐོར་བརྗོད་ཡོད་པ་དང་། ཁོས་ད་ལྟ་ལག་བསྟར་བྱེད་ཀྱིན་པའི་གནས་སྤོ་སྲིད་ཇུས་ནང་། ཉིན་ ༩༠ ནང་ཨེ་རན་དང་ཨེ་རག ལི་བྷེ་ཡ་དང་སོ་མ་ལེ་ཡ། སུ་ཌན་དང་སི་རི་ཡ། ཡ་མིན་བཅས་ཀྱི་གནས་སྤོ་བ་ཕྱིར་འཕུད་དང་། ཉིན་ ༡༢༠ ནང་སྐྱབས་བཅོལ་བ་བཀག་སྡོམ་བྱ་རྒྱུ་གཏན་འཁེལ་བྱས་ཡོད།

གཟའ་ཕུར་བའི་ཉིན། ཊི་རུམ་ཕིས། “དེ་སྔའི་གཞི་རྒྱ་ཆེ་བའི་སྐྱོན་བརྗོད་རྩོད་རྙོག་ཞི་འཇགས་སུ་སོང་རྗེས། མངའ་སྡེ་མཉམ་འབྲེལ་ཁྲིམས་ཁང་གིས་ཡར་བསྐྱར་ངའི་ཐག་གཅོད་སྡུག་ཅག་ཡིན་པའི་སྐྱོན་བརྗོད་བྱས་སོང་།” ཞེས་བརྗོད་འདུག

གཟའ་ཕུར་བའི་ཉིན་ཨ་རིའི་ཁྲིམས་ཞིབ་ཁང་གིས་བཏོན་པའི་ཁྲིམས་ཞིབ་ཡིག་ཆའི་ནང་ཊི་རུམ་ཕིའི་གནས་སྤོའི་སྲིད་ཇུས་དེ་ལ་དགོས་ངེས་ཀྱི་བསྐྱར་བཅོས་བྱ་རྒྱུ་ཡིན་ནའང་། བསྐྱར་བཅོས་གྱི་ཟླ་ཚེས་དེ་སྲིད་འཛིན་ཊི་རུམ་ཕིས་གསར་འགོད་གསལ་བསྒྲགས་ཐོག་གསལ་བཤད་བྱས་པ་དེ་ལས་ལྷག་པའི་འགྲེལ་བརྗོད་བྱ་རྒྱུ་མིན་ཞེས་བཀོད་འདུག

བདུན་ཕྲག་སྔོན་མར་རང་མིང་བརྗོད་འདོད་མེད་པའི་ཨ་རིའི་གྲོས་ཚོགས་ཀྱི་གནད་ཡོད་དཔོན་རིགས་ཤིག་གིས་རོའུ་ཊར་གསར་ཁང་ལ་བརྗོད་དོན། “ཊི་རུམ་ཕིས་ཨ་རིའི་ནང་གནས་སྡོད་དང་ལས་ཀ་བྱས་ཆོག་པའི་ལག་འཁྱེར་ལྗང་ཁུ་ཡོད་པའི་གནས་སྤོ་མི་མང་ཐོག་འཛིན་པའི་སྲིད་ཇུས་བཅོས་བསྒྱུར་གཏང་སྲིད” ཅེས་བརྗོད་འདུག

ཊུ་ལིན་གཙུག་ལག་སློབ་ཆེན་ (Tulane University) གྱི་ཁྲིམས་ལུགས་དགེ་རྒན་ཆེན་མོ་སྐུ་ཞབས་གྷ་རེ་ཧྥེན་ (Stephen Griffin) ལགས་ཀྱིས་བརྗོད་དོན། “གནས་སྤོའི་སྲིད་ཇུས་གསར་བའི་ནང་། ཁ་ཆེ་ལུང་པ་མ་ཡིན་པའི་རྒྱལ་ཁབ་གཞན་དག་གི་མི་མང་ལ་འཕྲད་བཞིན་པའི་དཀའ་རྙོག་ཐད་ལའང་བཅོས་བསྒྱུར་གཏང་སྲིད་པ་དང་། དེ་ནི་གཞི་རྩའི་ཆོས་དད་རང་དབང་དབྱེ་འབྱེད་བྱས་པའི་གནད་དོན་ཞིག་ཆགས་ཡོད། ཊི་རུམ་ཕི་གཞུང་གིས་གཞི་རྩའི་ཆོས་དད་རང་དབྱེ་འབྱེད་བྱས་ཏེ། ཁ་ཆེ་ལུང་པ་ཆེ་ཁག་བདུན་མིང་འདོན་བྱས་ཡོད་པ་རེད། གནད་དོན་དེ་ད་ཆར་ཨ་རིའི་ནང་གི་གནས་སྤོ་མི་མང་ཕྱིར་འཕུད་གཏོང་བཞིན་པའི་དཀའ་རྙོག་ལས་ལྷག་པའི་རྩོད་རྙོག་ཆེན་པོ་ཞིག་ཆགས་སྲིད། གཅིག་བྱས་ན། ཊི་རུམ་ཕི་གཞུང་གིས་ད་ལྟ་ལག་བསྟར་བྱེད་ཀྱིན་པའི་གནས་སྤོའི་སྲིད་ཇུས་ཕྱིར་འཐེན་བྱ་རྒྱུ་ཕར་ཞོག དེ་ལས་ལྡོག་སྟེ་ཨ་རིའི་ནང་གནས་སྤོ་དང་སྐྱབས་བཅོལ་མི་ཆོག་པའི་ཁ་ཆེ་ལུང་པ་མང་པོ་མིང་འདོན་བྱ་སྲིད་པར་ངས་ཚོད་དཔག་བྱེད་ཀྱིན་ཡོད” ཅེས་བརྗོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply

One thought on “ཊི་རུམ་ཕིས་གནས་སྤོའི་སྲིད་ཇུས་རྩོད་རྙོག་ཕྱི་གསལ་ནང་གསལ་བཟོ་རྒྱུ་ཡིན།

  1. ཨ་རིའི་ནང་གི་སྐྱབས་བཅོལ་བ་མང་པོ་ཞིག་གིས་ཊིམ་གིས་སྲིད་ཇུས་གསར་པ་བསྒྲག་རྒྱུ་ཡིན་ལབ་ན་རེ་བ་ཞིག་རྒྱག་གི་ཡོད་པ་རེད། གཅིག་བྱས་ན་ཊིམ་གྱིས་སྔར་ལས་ཀྱང་སྡུག་པའི་སྲིད་ཇུས་ཁྱབ་བསྒྲགས་བྱེད་སྲིད་པ་རེད།