ཨ་རི་དང་རྒྱ་ནག་གི་སྲིད་འཛིན་ཐུག་འཕྲད་བྱ་རྒྱུ་རེད།

ཕྱི་ཟླ་ ༤ པའི་ཚེས་ ༦ ནས་ ༧ ཉིན་བར་ཧྥི་ལོ་རེ་ཌ་མངའ་སྡེ་ (Florida) ནང་ཡོད་པའི་ཊི་རུམ་ཕིའི་ཚོགས་ཁང་ཆེན་མོའི་ (Mar-a-Lago) ནང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཌི་ཊི་རུམ་ཕི་གཉིས་ཐུག་འཕྲད་བྱ་རྒྱུ་ཡིན་འདུག

དེ་ནི་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༠ ཉིན་ཊི་རུམ་ཕིས་ཨ་རིའི་སྲིད་དབང་བཟུང་བ་དང་། ཕྱོགས་གཉིས་བར་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་དང་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་རྩོད་གླེང་། དེ་བཞིན། ཚོང་ལས་རྩོད་གླེང་སོགས་ཀྱི་དཀའ་རྙོག་བྱུང་བའི་རྗེས་ཀྱི་ཞི་ཅིན་ཕིན་དང་ཊི་རུམ་ཕི་གཉིས་བར་གྱི་ཐུག་འཕྲད་ཐེངས་དང་པོ་དེ་ཆགས་ཡོད།

ཨ་རྒྱ་གཉིས་ཀྱི་སྲིད་འཛིན་ཐུག་འཕྲད་བྱ་འཆར་ཡོད་པའི་གནས་ཚུལ་དེ་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ལུ་ཀང་གིས་བསྒྲགས་ཡོད་འདུག དེ་སྔོན་པེ་ཅིན་གཞུང་གིས་ཕྱོགས་གཉིས་ཀྱི་སྲིད་འཛིན་ཐུག་འཕྲད་ལས་དོན་ལ་གྲ་སྒྲིག་བྱེད་ཀྱིན་ཡོད་ལུགས་ཙམ་ལས་ཐུག་འཕྲད་ཀྱི་དུས་ཚེས་གཏན་འབེབས་བྱས་མེད།

ཐེངས་འདིའི་ཐུག་འཕྲད་ཀྱི་དམིགས་ཡུལ་གཙོ་བོ་ནི། དེ་སྔོན་ཨ་རིའི་སྲིད་འཛིན་འོས་བསྡུའི་སྐབས། ཊི་རུམ་ཕིས་རྒྱ་ནག་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་རྗེས། ཕྱོགས་གཉིས་ཀྱི་དཔོན་རིགས་ཁ་ཤས་བར་འབྲེལ་མོལ་དང་ཐུག་འཕྲད་བྱུང་བ་བརྒྱུད་དེ། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་རྒྱུན་འཁྱོངས་བྱ་རྒྱུ་དེ་ཡིན་འདུག

ཟླ་འདིའི་ནང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཊེ་ལིར་སོན་ (Rex Tillerson) གྱི་ཨེ་ཤ་ཡའི་ནང་གི་སྐོར་སྐྱོད་དེ་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་མཇུག་བསྡུས་ཡོད་པ་དང་། སྐབས་དེར་ཊེ་ལིར་སོན་གྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་དཀའ་རྙོག་ཐོག་ཨ་རྒྱ་གཉིས་མཉམ་ལས་བྱེད་དགོས་ཚུལ་དང་། ཊི་རུམ་ཕི་གཞུང་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་ཡོང་རྒྱུར་འདོད་མོས་ཡོད་སྐོར་ནན་བརྗོད་བྱས་ཡོད་འདུག

ཝ་ཤིན་ཊོན་གཞུང་གིས་རྒྱ་ནག་གཞུང་ལ་བྱང་ཀོ་རི་ཡའི་རྡུལ་ཕྲན་དང་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱེད་བཞིན་པར་སྟངས་འཛིན་བྱེད་དགོས་པ་དང་། ལྷོ་ཀོ་རི་ཡའི་ནང་ཨ་རིས་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདའ་ཚོད་འཛིན་མ་ལག་གསར་འཛུགས་བྱེད་རྒྱུ་ཐག་ཆོད་བྱུང་ཡོད་སྐོར་བརྗོད་པ་དང་། པེ་ཅིན་གཞུང་ཕྱོགས་ནས་ཀྱང་ཨ་རིས་ཐའེ་ཝན་གྱི་རང་སྲིད་རང་སྐྱོང་དམིགས་དོན་དུ་བཟུང་ཡོད་པར་དོགས་གཞི་བྱེད་ཀྱིན་ཡོད་པ་དང་། རྒྱུ་མཚན་ནི་རྒྱ་ནག་གིས་ཐའེ་ཝན་མཚོ་འགག་ནི་རྒྱ་ནག་གི་མངའ་ཁོངས་ཡིན་ལུགས་བཤད་ཀྱིན་ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༣/༣༠

Leave a Reply