བཙན་གཡེམ་པ་བཞི་ལ་སྲོག་ཁྲིམས་བཅད།

ཁ་སང་རྒྱ་གར་ཆེས་མཐོའི་ཁྲིམས་ཁང་ནས་ཕྱི་ལོ་ ༢༠༡༢ ལོའི་ལྡི་ལིའི་ཡ་ང་བའི་བཙན་གཡེམ་དོན་རྐྱེན་ཁྲོད་ཀྱི་ཉེས་ཅན་པ་བཞི་ལ་སྲོག་ཁྲིམས་གཅོད་རྒྱུ་ཐག་གཅོད་གནང་འདུག

ཁྲིམས་ཁང་ནས་སྲོག་ཁྲིམས་ཐག་གཅོད་གནང་སྐབས། སློབ་ཕྲུག་བུ་མོ་དེ་འདས་གྲོངས་སུ་མ་ཕྱིན་གོང་ཟུག་གཟེར་སྡུག་བསྔལ་གྱིས་རབ་ཏུ་མནར་བར་བརྟེན། མི་མང་ཕོན་ཆེན་གྱིས་ཞུ་གཏུག་བྱས་ཏེ་སྲོག་ཁྲིམས་ཀྱི་ཐག་གཅོད་བསྐྱར་དུ་བྱུང་ཡོད་པ་དང་། བཙན་གཡེམ་དོན་རྐྱེན་འདི་འདྲ་ཧ་ཅང་དཀོན་པོའི་ནང་ནས་དཀོན་པོ་ཡིན་སྟབས་ཐག་གཅོད་འདི་འདྲ་ཞིག་མ་གནང་ཐབས་མེད་ཡིན་སྐོར་བརྗོད་འདུག

ཁྲིམས་ར་ཚོགས་པའི་ཞོགས་པ་དེར་བུ་མོའི་ཕ་མ་གཉིས་ཀྱིས། དཀོན་མཆོག་གིས་ཀྱང་མི་དེ་ཚོའི་རིགས་གུ་ཡངས་གཏོང་མི་སྲིད་ལ། ཆེས་མཐོའི་ཁྲིམས་ཁང་ནས་ཁོང་གཉིས་ཀྱི་བུ་མོར་དྲང་བདེན་བསྐྱངས་ཏེ་འཛམ་གླིང་ལ་དཔེ་མཚོན་ཞིག་བཟོ་བར་ཡིད་ཆེས་ཡོད་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༡༣ ལོར་བཙན་གཡེམ་ངན་གསོད་བྱེད་མཁན་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་ (Ram Singh)དང་ལོ་ན་ ༡༨ མ་ལོན་པའི་མའོ་ཧཱ་མཱ་ཌི་ཨ་ཧྥ་རོ་ཛི་(Mohammad Afroz)། གཞན་ཡང་མོ་ཀི་ཤི་སིན་(Mukesh Singh)་དང་།   པཱ་ཝན་གྷོབ་ཊ་(Pawan Gupta) ཝི་ནི་ཤར་མཱ་( Vinay Sharma) ཨག་ཤི་ཊ་ཀུར་(Akshay Thakur)བཅས་འཛིན་བཟུང་བྱས་ཏེ། ལོ་ ༡༨ མ་ལོན་པའི་མའོ་ཧཱ་མཱ་ཌི་ཨ་ཧྥ་རོ་ཛི་ལ་ལོ་ ༣ ཁྲིམས་ཆད་དང་། ཁ་ལོ་བ་རམ་སིན་ཟེར་བ་དེ་བཙོན་ཁང་དུ་འདས་གྲོངས་སུ་ཕྱིན། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༣ ཉིན་ལྡི་ལི་མཐོ་རིམ་ཁྲིམས་ཁང་གིས། ན་ཚོད་ལོན་པའི་སྐྱེས་པ་བཞི་སྟེ་མོ་ཀེ་ཤི་སི་དང་པཱ་ཝན་གྷོབ་ཊ། ཝི་ནི་ཤར་མཱ། ཨག་ཤི་ཊ་ཀུར་བཅས་ལ་སྐེ་བཏགས་ནས་སྲོག་ཁྲིམས་གཅོད་རྒྱུ་ཐག་གཅོད་གནང་ཡོད་པ་རེད། ཡིན་ནའང་། ཉེས་ཅན་དེ་དག་གི་ཁྱིམ་མི་དང་ཁྲིམས་རྩོད་པས་སྲོག་ཁྲིམས་དང་ལེན་མ་བྱས་པ་དང་། རྒྱ་གར་ནང་བསྟུན་མར་འབྱུང་བཞིན་པའི་བཙན་གཡེམ་གྱི་ཉེས་དོན་ཁག་དང་འབྲེལ་བའི་བཅའ་ཁྲིམས་གསར་པ་འགའ་གཏན་འབེབས་གནང་རྗེས། ཁ་སང་རྒྱ་གར་ཆེས་མཐོའི་ཁྲིམས་ཁང་ནས་ཉེས་ཅན་པ་དེ་ཚོར་སྲོག་ཁྲིམས་གཅོད་རྒྱུ་མཐའ་མའི་གཏན་འབེབས་གནང་ཡོད་འདུག ཡིན་ནའང་། ཉེས་ཅན་པའི་ཕྱོགས་ནས་མུ་མཐུད་རེ་ཞུ་རྒྱག་པ་དང་བསམ་ཚུལ་བསྐྱར་ཞིབ་སོགས་བྱེད་པའི་ལམ་ཀ་ཡོད་འདུག

ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༦ ཉིན་གྱི་དགོང་མོར་རང་ལོ་ ༢༣ ཡིན་པའི་སློབ་ཕྲུག་བུ་མོ་ཡའོ་ཊི་སིན་(yoti Singh)ལགས་གྲོགས་པོ་ཞིག་མཉམ་དུ་གློག་བརྙན་ལྟ་རུ་སོང་སྟེ་ཕྱིར་ལོག་སྐབས། སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་ཚུད་པའི་སྐྱེས་པ་དྲུག་གིས་རླངས་འཁོར་འགྲོ་ཞོར་དུ་བུ་མོར་ཆུ་ཚོད་ ༡ ཙམ་རིང་བཙན་གཡེམ་བཏང་བ་དང་། མཚན་མའི་ནང་ལྕགས་རྒྱུག་བཙུགས་པ་སོགས་བྱས་ནས་རྡུག་རྡེག་མནར་གཅོད་ཡ་ང་བ་བཏང་རྗེས། ཁོང་གཉིས་དམར་རྗེན་ལ་གཞུང་ལམ་འགྲམ་དུ་གཡུགས་ནས་བྲོས་ཕྱིན། བུ་མོས་ང་འདི་ལྟར་ཤི་འདོད་མི་འདུག་ཅེས་ཉིན་གྲངས་ ༡༣ རིང་བློ་སྟོབས་དང་རེ་བ་ཆེན་པོས་ཛ་དྲག་སྨན་བཅོས་བྱས་རྗེས། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༦ ཉིན་སེང་གྷ་པུར་གྱི་(Mount Elizabeth Hospital)སྨན་ཁང་ནས་འདས་གྲོངས་སུ་ཕྱིན་ཡོད་པ་རེད།

ཡ་ང་བའི་བཙན་གཡེམ་དོན་རྐྱེན་དེ་བྱུང་རྗེས། རྒྱ་གར་རྒྱལ་ཡོངས་ཙམ་མ་ཟད་རྒྱལ་སྤྱིའི་ཐོག་ནས་གླེང་སློང་ཆེན་པོ་བསླངས་ཏེ་མྱ་ངན་བྱེད་མཁན་མང་པོ་བྱུང་ཡོད་པ་དང་། བདུན་ཕྲག་གཅིག་ལྷག་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གཙོས་པའི་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ནང་མི་མང་ཕོན་ཆེན་འདུ་འཛོམས་ཀྱིས་མྱ་ངན་དང་ངོ་རྒོལ་ལས་འགུལ་ཤུགས་ཆེན་བྱུང་ཡོད་པ་དང་། སྐབས་དེའི་རྒྱ་གར་གྱི་སྲིད་འཛིན་དང་སྲིད་བློན་རྣམ་གཉིས་ནས་ཀྱང་བུ་མོ་དེའི་བློ་སྟོབས་ལ་བསྔགས་བརྗོད་གནང་བ་དང་སྦྲགས། གནད་དོན་དེ་དྲང་བདེན་སྒོས་ཐག་གཅོད་ནན་པོ་གནང་རྒྱུ་དང་མ་འོངས་པར་གནད་དོན་དེ་ལྟ་བུ་མི་འབྱུང་བར་ནུས་པ་ཆེན་པོ་འདོན་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད།

རྒྱ་གར་གྱི་ཉེས་དོན་དཔྱད་ཞིབ་པ་ཚོས་བརྗོད་པ་ལྟར་ན། རྒྱ་གར་ནང་ཆ་སྙོམས་བྱས་ན་ཆུ་ཚོད་ཕྱེད་ཀ་རེའི་ནང་ཉུང་མཐར་བཙན་གཡེམ་གྱི་ཉེས་དོན་གཅིག་རེ་འབྱུང་བཞིན་ཡོད་པ་དང་། རྒྱལ་ས་ལྡི་ལི་ནི་བཙན་གཡེམ་གྱི་ཉེས་དོན་བྱུང་མང་ཤོས་ཀྱི་གྲོང་ཁྱེར་ཞིག་ཆགས་ཡོད་སྟབས། བཙན་གཡེམ་གྱི་རྒྱལ་ས་ཞེས་འབོད་པའི་གནས་སྟངས་ཀྱང་ཆགས་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༥/༠༦

Leave a Reply

2 thoughts on “བཙན་གཡེམ་པ་བཞི་ལ་སྲོག་ཁྲིམས་བཅད།

  1. མ་གཞི་ངས་རྒྱ་གར་གྱི་ཁྲིམས་ཀྱི་འགྲོ་སྟངས་མགོ་ཚོས་གི་མི་འདུག་ samankhan ལ་ལོ་ཁ་ཤས་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་རེད་ཟེར་ནས་ཧང་སང་མདོག་ཁ་བོ་ས་བསྒྲགས་གནམ་བསྒྲགས་བྱེད་གི་འདུག། དེ་ཚོ་བཙོན་ལ་ནས་འགྲོ་དགོས་གི་མི་འདུག་དེར་ལ་ནི་ཧང་སང་མདོག་ཁ་པོ་བྱེད་གི་མི་འདུག གང་ཤེས

  2. སྲས་སྐུ་ངོ་།

    བཙན་གཡེམ་གྱི་ཉེས་ཁྲིམས་གསར་བ་དེ་མི་འདི་བཞི་ལ་ལག་ལེན་བྱས་ན་དྲང་པོ་མ་རེད། གང་ཡིན་ཟེར་ན་ཉེས་ཁྲིམས་གང་ཞིག་བཟོས་ཡོད་ནའང་། ཉེས་ཁྲིམས་ལག་སྟེར་བྱེད་པའི་ཉིན་མོ་དེ་ཉེས་ཁྲིམས་བཟོས་ཚར་བའི་རྗེས་ཀྱི་ཉེས་དོན་ལག་སྟེར་བྱེད་དགོས་ཀྱི་ཡོད།

    རྒྱ་གར་གྱི་ཉེས་ཁྲིམས་ནང་(IPC) གི་བཙན་གཡེམ་ཉེས་ཁྲིམས་ནང་སྲོག་ཁྲིམས་མི་བཅད་ཡོད་ན་གནས་ཚུལ་ཁ་ཁ་རེད། དེ་མིན་ཉེས་ཁྲིམས་གསར་བ་འདི་ཚོ་ལ་ལག་ལེན་བྱེད་ཀྱི་མི་སྲིད།

    གོང་གི་མི་འདི་ཚོས་སྤྱི་སྤྱོད་རླངས་འཁོར་ནང་བུད་མེད་གསར་མོ་ཞིག་ལ་རེ་རེ་ཀྱིས་བཙན་གཡེམ་བྱས་པ་མ་ཟད་། མོའི་མཚན་མའི་ནང་ལྕགས་མདོང་བཙུགས་ནས་དཀྲུགས་བཏང་བ་དང་དྲན་པ་འཐོར་བའི་བུད་མེད་ཀྱི་ལུས་ཕུང་ཕྱི་རོལ་ཏུ་གཡུག་རྐྱེན། མི་འདི་ཚོའི་བཙན་གཡེམ་དོན་རྐྱེན་ནི་དོན་རྐྱེན་དཀོན་པོ་ནང་ནས་ཆེས་དཀོན་པོ་གྱུར་བས་སྲོག་ཁྲིམས་བཅད་ཡོད་ཀྱི་རེད།

    སྐབས་དེར་བུད་མེད་དེ་ལྡི་ལི་སྨན་ཁང་གཉིས་ནང་དུ་མྱུར་སྐྱོབ་བྱེད་སྐབས། རྒྱ་གར་སྨན་པ་ཚོས་བུད་མེད་དེ་ཤི་རྒྱུ་ཉག་ཅིག་ཡིན་པ་ཐག་གཅོད་བྱས་ཡོད་པ་རེད། ཡིན་ནའང་རྒྱ་གར་གཞུང་འཛིན་སྲིད་དོན་པ་ཚོས་མི་མང་གིས་སྲིད་གཞུང་ལ་སྐད་འབོད་ཤུགས་ཆེན་བྱེད་པར་གཡོལ་ཆེད་བུད་མེད་དེ་སིན་གྷ་པོར་ནང་མྱུར་སྐྱོབ་བྱེད་པར་འཁྱེར་ཡང་དོན་འབྲས་གང་ཡང་བྱུང་མེད་པར་ཤི་བ་རེད། དེ་ནི་ཀོང་ཀུ་རི་ཚོགས་པས་ཕམ་ཁ་དང་བྷེ་ཇེ་བྷེ་ཚོགས་པའི་གོ་སྐབས་གཅིག་ཆགས་པ་རེད།