༧གོང་ས་མཆོག་བཞུཊ་སྒར་དུ་ཞབས་སོར་འཁོད།

ཁ་སང་མོན་རྟ་དབང་ཁུལ་གྱི་ཆོས་འབྲེལ་གྲུབ་སྐབས་༧གོང་ས་མཆོག་གིས་ཁུལ་དེའི་མང་ཚོགས་ཀྱིས་དད་པ་དམ་ཚིག་གཡོ་བ་མེད་པ་དང་ཆོས་དོན་གཉེར་ཆེན་པོ་གནང་བཞིན་པར་ཧ་ཅང་ཐུགས་དགྱེས་པོ་བྱུང་ཡོད་སྐོར་གསུངས་འདུག

༧གོང་ས་མཆོག་ནས་རྒྱ་གར་བྱང་ཤར་ཁུལ་གྱི་ཨ་སམ་དང་ཨ་རུ་ན་ཅལ་མངའ་སྡེའི་ནང་ཟླ་ཕྱེད་མ་ཟིན་ཙམ་གྱི་རིང་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་གྲུབ་སྟེ། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ མ་ཟིན་ཙམ་གྱི་ཐོག་དྷ་རམ་ས་ལ་ཁུལ་གྱི་གཞུང་མང་གཉིས་ཀྱི་ཕེབས་བསུའི་ཁྲོད་གྷ་གྷིལ་གནམ་ཐང་ནས་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བཀོད་སོང་།

ཁ་སང་ཕྱི་ཚེས་ ༡༡ ཉིན་མོན་རྟ་དབང་དགོན་གྱི་ཉིན་གྲངས་ ༣ རིང་གི་ཆོས་འབྲེལ་ལེགས་པར་གྲུབ་སྟེ། དད་ལྡན་ཆོས་ཞུ་བ་ ༣༥༠༠ བརྒལ་བར་བཀའ་སློབ་གནང་སྐབས། ཁྱེད་རང་ཚོ་དངོས་གནས་དད་པ་དང་དམ་ཚིག ལ་རྒྱ་གཡོ་བ་མེད་པ་བྱས་པར་ངོས་རང་ཡང་ཧ་ཅང་དགའ་པོ་བྱུང་། དོན་གཉེར་ཧ་ཅང་ཆེན་པོ་འདུག ཧ་ཅང་དགའ་པོ་བྱུང་། བླ་མ་དང་སློབ་མ་ཐུག་སྐབས་ལས་སུ་བྱ་བ་འདི་ཆོས་འཆད་རྒྱུ་དེ་རེད། ངོས་ཀྱིས་ནམ་རྒྱུན་ཆོས་བཤད་སྐབས་ལམ་སང་དལ་འབྱོར་དོན་ཆེན་རྙེད་དཀའ་བ་དང་། བཤེས་གཉེན་བསྟེན་ཚུལ་ཟེར་བའི་གྲས་ཀྱི་འགྲོ་སྟངས་སྤྱིར་དེ་རང་རེད། འོན་ཀྱང་སྔོན་ལ་ནང་ཆོས་ངོ་སྤྲོད་བྱས་ཏེ་ནང་པའི་ཆོས་ཀྱི་ཁྱད་ཆོས་འདི་ནང་པའི་ལྟ་གྲུབ་ཐོག་ནས་ཡོང་བཞིན་ཡོད། ཆོས་རྐྱང་རྐྱང་ཐོག་ནས་བཤད་པ་ཡིན་ན་ཚན་རིག་པ་དང་ལྷན་དེ་ཙམ་འབྲེལ་བ་བྱེད་ཐུབ་རྒྱུ་མ་རེད། ནང་པའི་ལྟ་གྲུབ་ཐོག་ནས་བཤད་པ་ཡིན་ན་ཚན་རིག་པ་དང་འབྲེལ་བ་ཧ་ཅང་ཡོང་ཐུབ་ཀྱི་འདུག དད་པ་བྱས་ནས་རང་གི་སྟོན་པ་ལ་སྨོན་ལམ་བརྒྱབ་པ་དེ་གཅིག་པུས་འགྲིག་གི་ཡོད་ན། བཀའ་འགྱུར་པོ་ཏི་བརྒྱ་དགོས་པ་མེད། ངོས་ཀྱིས་ཆོས་ལུགས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད། དད་པ་དང་གུས་པ་གཉིས་དབྱེ་བ་ཕྱེས་ཏེ་དད་པ་བྱེད་ས་ཆོས་དང་། གུས་པ་འདི་ཆོས་ལུགས་ཚང་མར་བྱེད་ཀྱི་ཡོད། ཅེས་སོགས་ཀྱི་བཀའ་གནང་སྟེ་རྗེས་སུ་ཡང་སླར་མཇལ་ཡོང་ཞེས་གསུངས་འདུག

སྐུ་སྒེར་དྲ་བའི་མཛད་འཆར་ལྟར་ན། འབྱུང་འགྱུར་ཕྱི་ཟླ་ ༥ ཚེས་ ༡༢  ཉིན་ཧི་མ་ཅལ་མངའ་སྡེའི་མ་ན་ལི་རུ་ཡོད་པའི་རྙིང་མའི་དགོན་པ་རུ་ཚེ་དཔག་མེད་ཀྱི་ཚེ་དབང་ཆོས་འབྲེལ་བསྩལ་རྒྱུ་དང་། དེ་ནས་རིམ་བཞིན་ཧི་མ་ཅལ་མངའ་སྡེའི་ཇ་སི་པཱ་དང་འཕགས་པ་(Triloknath)ལྷ་ཁང་། བྲང་དཀར་དགོན་པ་སོགས་སུ་ཆོས་འབྲེལ་བཀའ་དྲིན་བསྐྱང་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༤/༡༢

Leave a Reply

One thought on “༧གོང་ས་མཆོག་བཞུཊ་སྒར་དུ་ཞབས་སོར་འཁོད།

  1. སྲས་སྐུ་ངོ་།

    ༧རྒྱལ་བའི་སྐུ་ཚེ་བརྟན་ཞིང་ཐུགས་བཞེད་ལྷུན་འགྲུབ་ངང་བོད་དུ་གང་མགྱོགས་ཕེབས་ཐུབ་པར་སྨོན་འདུན་ལན་མང་ཞུ།