བརྒྱུད་ལམ་ཁག་ཚང་མ་གཞུང་གི་སྟངས་འཛིན་འོག་འཇུག་རྒྱུ་ཡིན།

ཁ་སང་རྒྱ་ནག་བཟོ་ལས་དང་བརྡ་འཕྲིན་ལྷན་ཁང་ (CMIIT)གིས་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱ་ནག་གི་དྲ་ལམ་བདེ་འཇགས་དང་དོ་དམ་ཚད་ལྡན་ཡོང་ཐབས་སུ་ ༢༠༡༨ ལོ་ནང་ཚུད་དུ་རྒྱ་ནག་ནང་གི་སྒེར་གཉེར་བརྒྱུད་ལམ་ཁག་ཚང་མ་དབུས་གཞུང་གི་སྟངས་འཛིན་འོག་འཇུག་ཐུབ་བྱ་རྒྱུ་ཡིན་ཚུལ་བཤད་འདུག

རྒྱ་ནག་བཟོ་ལས་དང་བརྡ་འཕྲིན་ལྷན་ཁང་གི་གསལ་བསྒྲགས་ནང་། རྒྱ་ནག་ནང་གི་བརྒྱུད་ལམ་ཁག་ཚང་མས་རྒྱ་ནག་དབུས་གཞུང་གི་ཆོག་མཆན་ཞུ་དགོས་པ་དང་། ད་ཆར་རྒྱ་ནག་ནང་ཁྲིམས་འགལ་གྱིས་དྲ་ལམ་བེད་སྤྱོད་གཏོང་མཁན་མི་གྲངས་ས་ཡ་ ༧༣༠ ཟིན་གྱི་ཡོད་ཅིང་། ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༣༡ སྔོན་ལ་རྒྱ་ནང་གི་བརྒྱུད་ལམ་ཁག་ཚང་མ་དབུས་གཞུང་གི་སྟངས་འཛིན་འོག་འཇུག་རྒྱུ་ཡིན་ལུགས་བཤད་འདུག

འདས་པའི་ཟླ་བ་ ༡༤ ལྷག་རིང་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ནང་རྒྱུག་ཆེ་བའི་བརྒྱུད་ལམ་ངོ་དེབ་ (Facebook) དང་འཕྲུལ་དྲ་ (Twitter)། གྷོ་གྷལ་ (Google) དང་ཡུ་ཊུ་བྷི་ (YouTube)། ལྷག་པར་དུ་ཝེ་ཕེ་ཨན་ (VPN) སོགས་ལ་སྟངས་འཛིན་ནན་མོ་བྱས་ཡོད་པ་མ་ཟད། ད་ལྟའི་བར་སྤྱི་ཚོགས་བརྒྱུད་ལམ་ཁག་ ༡༣༥ ལྷག་ལ་སྟངས་འཛིན་དང་བཀག་སྡོམ་བྱས་ཡོད་འདུག

ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་ནང་དྲ་ལམ་བེད་སྤྱོད་གཏོང་མཁན་བརྒྱ་ཆ་ ༦.༢ གྱིས་ཇེ་མང་དུ་སོང་སྟེ། མི་མང་ས་ཡ་ ༤༣ ཡོད་པ་དེས་ཨར་ཇེན་ཊེ་ན་དང་ཡུ་ཁུ་རན་མི་མང་གི་གྲངས་འབོར་ཟིན་གྱི་ཡོད་པ་དང་། སྤྱི་ཡོངས་ནས་ད་ཆར་རྒྱ་ནག་ནང་དྲ་ལམ་བེད་སྤྱོད་གཏོང་མཁན་མི་མང་ས་ཡ་ ༧༣༠ ཟིན་གྱི་ཡོད་འདུག

ན་ནིང་རྒྱ་ནག་རྒྱལ་ས་པེ་ཅིན་དུ་ཚོགས་པའི་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་སྐབས་སུ། རྒྱ་ནག་གཞུང་གིས་དྲ་ལམ་ཁག་ལ་སྟངས་འཛིན་ནན་མོ་བྱས་ཡོད་པ་དང་། སྐབས་དེར་རྒྱ་ནག་ནང་གི་ཚོང་གཉེར་ཁང་མང་པོས། ཁོ་ཚོས་དྲ་ལམ་གྱི་གླ་རིན་དུས་ཐོག་སྤྲད་ཡོད་ནའང་། བདུན་ཕྲག་གཅིག་རིང་ཁོ་ཚོའི་དྲ་ལམ་ཁག་ལ་བཀག་སྡོམ་ཐེབས་པའི་བསྐྱོན་བརྗོད་བྱས་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply

One thought on “བརྒྱུད་ལམ་ཁག་ཚང་མ་གཞུང་གི་སྟངས་འཛིན་འོག་འཇུག་རྒྱུ་ཡིན།