བསྟན་འཛིན་གསལ་སྒྲོན་ལགས་ལ་ཕུལ་བྱུང་སློབ་མའི་གཟེངས་རྟགས་ཐོབ།

རྒྱ་གར་གྱི་སོའི་སྨན་དཔྱད་ཁང་གི་ཕུལ་བྱུང་སློབ་གཉེར་གཟེངས་རྟགས་ཞེས་པ་དེ་བོད་རིགས་སློབ་མ་བསྟན་འཛིན་གསལ་སྒྲོན་ལགས་ལ་ཕུལ་ཡོད་འདུག

ཟླ་སྔོན་མའི་ཚེས་ ༢༩ ཉིན་རྒྱ་གར་བྱང་ཁུལ་གྱི་ཨོ་ཊར་ (Uttar) མངའ་སྡེའི་གྲོང་ཁྱེར་ནའོ་ཌ་ (Noida) ནང་ཡོད་པའི་རྒྱ་གར་གྱི་སོའི་སྨན་དཔྱད་ཁང་ (ITS Dental) གིས་འདི་ལོའི་ཕུལ་བྱུང་སློབ་གཉེར་གཟེངས་རྟགས་ (Best Academic Award) ཞེས་པ་དེ་བོད་རིགས་སློབ་མ་བསྟན་འཛིན་གསལ་སྒྲོལ་ལགས་སུ་ཕུལ་ཡོད་འདུག

བུ་མོ་བསྟན་འཛིན་གསལ་སྒྲོན་ལགས་ཀྱིས་གསར་འགོད་པར། ཐེངས་འདིར་ཁོ་མོར་ཕུལ་བྱུང་སློབ་མའི་གཟེངས་རྟགས་ཐོབ་པར་ཧ་ཅང་དགའ་བོ་བྱུང་བ་དང་། མ་འོངས་པར་ཁོ་མོས་མུ་མཐུད་སློབ་གཉེར་ལ་འབད་བརྩོན་བྱེད་རྒྱུ་ཡིན་པ་དང་། མཐོ་སློབ་དེར་ཁོ་མོ་གཅིག་པུ་མ་གཏོགས་བོད་རིགས་སློབ་མ་གཞན་མེད་པས། རྒྱ་གར་སློབ་ཕྲུག་ཚོས་ཁོ་མོ་ནི་རྒྱ་གར་བྱང་ཤར་ནས་ཡོང་བའི་རྒྱ་གར་སློབ་མ་ཞིག་ཡིན་པར་ངོས་འཛིན་བྱས་སྟབས། ཁོ་མོས་རྒྱ་གར་གྱི་སློབ་ཕྲུག་ཚོར་ཁོ་མོ་རྒྱ་གར་བྱང་ཤར་གྱི་ཡུལ་མི་མིན་པར་བོད་རིགས་ཡིན་པ་དང་བོད་མིའི་ངོ་བོ་དང་ཡུལ་སྲོལ་གོམས་གཤིས། བོད་མིའི་ཆོས་དང་རིག་གཞུང་། བོད་ཀྱི་ལོ་རྒྱུས་དང་རྒྱ་གར་ནང་གི་བོད་མི་སྐྱབས་བཅོལ་བའི་གནས་སྟངས་སོགས་ངོ་སྤྲོད་བྱས་སྐོར་བརྗོད་འདུག

གནས་ཚུལ་ལྟར་ན། དེ་སྔོན་བུ་མོ་བསྟན་འཛིན་གསལ་སྒྲོན་ལགས་ཀྱིས་ཨ་རིའི་ཧྥི་ལོར་ཌ་(Florida) མངའ་སྡེའི་ནོ་བ་ལྷོ་ཤར་གཙུག་ལག་སློབ་ཆེན་ (NSU) ནང་སློབ་གཉེར་བྱེད་ཆེད། ཐེངས་འགར་ཐོངས་མཆན་ཞུས་ཀྱང་རག་མི་འདུག

བུ་མོ་བསྟན་འཛིན་གསལ་སྒྲོན་ལགས་ནི་དྷ་སྟེང་བོད་ཁྱིམ་སློབ་གྲྭ་ནས་འཛིན་རིམ་བཅུ་གཉིས་ཐོན་རྗེས། རྒྱ་གར་གྱི་སོའི་སྨན་དཔྱད་ཁང་དེར་ལོ་བཞིའི་རིང་སོ་སྨན་ཆེད་སྦྱོང་བྱས་ཡོད་འདུག

གསར་འགོད་པ། པདྨ་རྒྱལ་གྱིས་སྒྱུར་སྒྲིག་བྱས།

བསྐྱར་བཅོས།: ༢༠༡༧/༠༥/༠༥

Leave a Reply

One thought on “བསྟན་འཛིན་གསལ་སྒྲོན་ལགས་ལ་ཕུལ་བྱུང་སློབ་མའི་གཟེངས་རྟགས་ཐོབ།