བུ་མོ་ལོ་ ༡༠ ཅན་ཞིག་ལ་རང་གི་ཕ་ཚབ་ཀྱིས་བཙན་གཡེམ་བྱས་ཏེ་མངལ་སྦྲུམ།

བུ་མོ་ལོ་བཅུ་ཅན་ཞིག་ལ་རང་གི་ཕ་ཚབ་ཀྱིས་བཙན་གཡེམ་བཏང་སྟེ་མངལ་སྦྲུམ་ཡོད་པ་ཉེན་རྟོག་པས་ཤེས་ཏེ་འཛིན་བཟུང་བྱས་ཡོད་ཀྱང་། བུ་མོ་དེའི་ཨ་མས་ཁྱོ་ཀ་བཙོན་འཇུག་བྱས་ན་བྱིས་པ་ཚོའི་འཚོ་བར་དཀའ་ངལ་འཕྲད་རྒྱུ་ཡིན་སྐོར་བརྗོད་དེ་ཀློད་གྲོལ་གཏོང་ཐུབ་བྱེད་བཞིན་ཡོད་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རྒྱ་གར་བྱང་ཕྱོགས་ཧར་ཡ་ན་མངའ་སྡེའི་རཱོ་ཏཱ་(Rohtak, PGIMS)ས་ཁུལ་གྱི་སྨན་ཁང་ཞིག་གིས་བུ་མོ་ལོ་ ༡༠ ཅན་ཞིག་ལ་མངལ་སྦྲུམ་སྟེ་བདུན་ཕྲག་ ༢༠ ཕྱིན་ཟིན་པ་ཞིག་གི་ཕྲུ་གུ་མེད་པ་བཟོ་རྒྱུའི་ཐག་གཅོད་བྱས་ཡོད་འདུག རྒྱ་གར་ཁྲིམས་ལུགས་ལྟར་ན། མངལ་ཆགས་ཏེ་བདུན་ཕྲག་ ༢༠ འགོར་རྗེས་ཕྲུ་གུ་མེད་པ་བཟོ་མི་ཆོག་ཀྱང་། རཱོ་ཏཱག་རྫོང་གི་བུ་མོ་དེར་རང་གི་ཨ་ཕའི་ནུ་བོ་དང་ད་ལྟའི་ཕ་ཚབ་ཀྱིས་བཙན་གཡེམ་བཏང་སྟེ་མངལ་ཆགས་ཡོད་སྟབས། སྨན་ཁང་དེས་ས་གནས་ཁྲིམས་ཁང་གི་རེ་སྐུལ་ལྟར་ཟླ་བ་ ༥ ལྷག་ཕྱིན་ཟིན་པའི་མངལ་གྱི་ཕྲུ་གུ་མེད་པ་བཟོ་རྒྱུ་ངོས་ལེན་བྱས་ཡོད་འདུག

སྨན་ཁང་དེའི་འགན་འཛིན་སྨན་པ་ཨ་ཤཱོག་(Ashok Chauhan)ལགས་ཀྱིས་ “མངལ་གྱི་ཕྲུ་གུ་མེད་པ་བཟོ་བར་བུ་མོ་དེར་སྨན་སྤྲད་དེ་བྱིས་པ་བཙན་གྱིས་ཕྱིར་འདོན་པའམ། ཡང་ན། འཕྲུལ་ཆས་སྤྱད་དེ་བྱིས་པ་མར་འཐེན་པ་སོགས་གང་ཡིན་རུང་། བརྒྱུད་རིམ་འདིའི་སྐབས་ནད་པའི་ཁྲག་བཞུར་མཚམས་མི་ཆད་པ་དང་། སྟབས་མ་ལེགས་པར་རྨ་ཁ་རྦད་དེ་དྲག་སྐྱེད་མི་འབྱུང་བ་སོགས་ཀྱི་དཀའ་ངལ་ཡོང་སྲིད་པ་རེད།”ཅེས་བརྗོད་འདུག

ཉེན་རྟོག་མགོ་བ་སྐུ་ཞབས་གྷན་རེ་མཱ་ལགས་ཀྱིས་བརྗོད་པ་ལྟར་ན། ད་ལྟ་ལོ་ན་ ༡༠ ཡིན་པའི་བུ་མོ་དེའི་ཨ་མས་རང་ཉིད་ཀྱི་ཁྱོ་ཀ་མེད་ཚེ། བྱིས་པ་ཚོ་དང་ཁོ་ཚོས་འཚོ་བ་རོལ་ཐབས་མེད་པའི་རྒྱུ་མཚན་སོགས་དྲངས་ཏེ། ཁྱོི་ཀ་བཙོན་གྲོལ་ཐོབ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་འདུག་ལ། དེ་སྔ་ཁོ་མོས་རང་ཉིད་ཀྱི་བུ་མོར་བཙན་གཡེམ་གཏོང་མཁན་རང་གི་ཁྱོ་ཀ་ཡིན་པ་ཤེས་མེད་པ་མ་ཟད། ད་དུང་ཁུ་སིམ་མེར་ས་གནས་སྨན་ཁང་ཆུང་ཆུང་ཞིག་ནས་བུ་མོའི་མངལ་གྱི་ཕྲུ་གུ་མེད་པ་བཟོ་རྩིས་བྱས་ཡོད་པ་དང་། ཉིན་ཞིག་གློ་བུར་དུ་ཉེན་རྟོག་པས་རང་གི་ཁྱོ་ཀ་འཛིན་བཟུང་བྱས་སྐབས། གཞི་ནས་རང་གི་ཁྱོ་ཀས་བྱ་བ་མི་ལེགས་པ་ཞིག་བསྒྲུབས་ཡོད་པ་ཤེས་ཡོད་འདུག

དེ་རིང་སྔ་དྲོ་སླར་ཡང་རཱོ་ཏཱག་རྫོང་གི་བུ་མོ་ལོ་ན་ ༡༧ ཅན་ཞིག་ལ་བཙན་གཡེམ་བཏང་ཡོད་པའི་གནས་ཚུལ་བྱུང་ཡོད་པ་དང་། བུ་མོ་དེའི་མིང་དང་ཁྱིམ་ཚང་གི་རྒྱལ་ལྗོངས་གནས་ཚུལ་ཤེས་རྟོགས་བྱུང་ཐུབ་མེད་ཀྱང་། བུ་མོ་དེས་འཕྲིན་ཡིག་བརྒྱུད་ས་གནས་ཉེན་རྟོག་པར་བརྗོད་དོན་ལྟར་ན། ཁོ་མོར་མི་གཉིས་ཀྱིས་བཙན་གཡེམ་བཏང་ཡོད་སྐོར་འཁོད་པ་མ་ཟད། ད་ལྟ་ཁོ་མོ་འཇིགས་སྐུལ་འོག་ལྷུང་ཡོད་ཚུལ་སོགས་བརྗོད་ཡོད་འདུག

སྤྱི་ཚོགས་དབྱེ་ཞིབ་པ་ཚོས་བརྗོད་པ་ལྟར་ན། རྒྱ་གར་ནི་རྒྱལ་སྤྱིའི་སྟེང་བྱིས་པར་བཙན་གཡེམ་གཏོང་མཁན་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཆགས་ཡོད་པ་དང་། དེ་དག་མང་ཆེ་བ་རང་ཉིད་བདག་སྐྱོང་བྱེད་མཁན་ཕ་མ་དང་སྤུན་མཆེད། དེ་བཞིན། དགེ་རྒན་སོགས་ཀྱིས་བཙན་གཡེམ་གཏོང་གི་ཡོད་པ་དང་། ནམ་རྒྱུན་བུ་མོ་ཁོ་ནར་བཙན་གཡེམ་གཏོང་གི་ཡོད་པའི་གནས་སྟངས་གླེང་གི་ཡོད་ཀྱང་། ད་ལྟ་བུ་ལའང་བུ་མོ་ལྟར་བཙན་གཡེམ་གཏོང་མཁན་མང་པོ་ཡོད་པ་མ་ཟད། དམིགས་བསལ་འབྱོར་ལྡན་ཁྱིམ་ཚང་ཁག་གི་བྱིས་པ་ཚོར་ཉེན་ཁ་ཡོད་སྐོར་བརྗོད་ཡོད།

བྱིས་པའི་ཐོབ་ཐང་འཐབ་རྩོད་པ་ཚོས་བརྗོད་པ་ལྟར་ན། བྱིས་པར་བཙམ་གཡེམ་བཏང་ཟིན་པའི་གནས་སྟངས་མང་པོ་ཞིག་སྤྱི་ཚོགས་ཀྱིས་མ་ཤེས་བར་ལྷག་ཡོད་པ་མ་ཟད། བྱིས་པ་ཚོས་ཀྱང་རང་ཉིད་ལ་བཙན་གཡེམ་ལོག་བྱས་བའི་སྐོར་ཕ་མ་དང་དགེ་རྒན་ལ་བཤད་ཐུབ་ཀྱི་མེད་པ་དང་།  དེ་ནི་ཕ་མ་ཚོས་དུས་རྒྱུན་རང་ཉིད་ཀྱི་བྱིས་པར་ཁྱིམ་རྒྱུད་ཀྱི་མཚན་སྙན་སོགས་ལ་གནོད་པའི་སྐད་ཆ་དང་བྱ་སྤྱོད་སོགས་ཀྱི་ཐད་བཀག་སྡོམ་ནན་མོ་བྱེད་ཀྱི་ཡོད་པས་ཡིན་འདུག

ཁ་སང་རྒྱ་གར་གྱི་བྱིས་པའི་ཐོབ་ཐང་ཐེབས་རྩ་ཚོགས་པས་གསལ་བསྒྲགས་སྤེལ་ཏེ། འབྱུང་འགྱུར་ ༢༠༢༡ ལོའི་ནང་ཚུད་དུ་རྒྱ་གར་རྒྱལ་ཡོངས་སུ་བྱིས་པར་བཙན་གཡེམ་གཏོང་བའི་གནད་དོན་ཐོག་ལས་འགུལ་སྤེལ་ཏེ་གཙང་བཟོ་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག ལས་འགུལ་དེས་རྒྱ་གར་གྱི་མི་སེར་ཚང་མས་རྫོང་ ༢༠༠ ནང་ཡོད་པའི་བྱིས་པ་ས་ཡ་ ༥ ལྷག་ལ་སྲུང་སྐྱོབ་དང་འགན་འཁུར། དེ་བཞིན། བྱིས་པར་བཙན་གཡེམ་སོགས་ཀྱི་དོན་རྐྱེན་འབྱུང་སྐབས། ཉེན་རྟོག་པར་རྩིས་སྤྲོད་དང་འགོག་སྲུང་ཇི་ལྟར་བྱེད་དགོས་མིན་སོགས་ཀྱི་ཐད་ཟབ་སྤྱོང་དང་གོ་རྟོགས་སྤེལ་རྒྱུ་ཡིན་འདུག

རྒྱ་གར་གཞུང་གི་བྱིས་པར་ལོག་སྤྱོད་ཐེབས་པའི་སྙན་ཐོ།

༡) རྒྱ་གར་ནང་ཆུ་ཚོད་ ༣ གྱི་ནང་ཚུད་དུ་ལོ་ན་ ༡༦ འོག་ཡིན་པའི་བྱིས་པ་རེ་རེར་བཙན་གཡེམ་གཏོང་གི་ཡོད་པ་དང་། ཆུ་ཚོད་ ༡༣ ནང་ཚུད་དུ་ལོ་ན་ ༡༠ འོག་ཡིན་པའི་བྱིས་པ་རེ་བཙན་གཡེམ་གཏོང་གི་ཡོད།
༢) ༢༠༡༥ ལོར་རྒྱ་གར་གྱི་བྱིས་པ་ ༡༠༠༠༠ལ་བཙན་གཡེམ་བཏང་ཡོད།
༣) རྒྱ་གར་གྱི་བུ་མོ་ས་ཡ་ ༢༤༠ ལོ་ན་ ༡༨ མ་ཟིན་གོང་ནས་གཉེན་སྒྲིག་གི་ཡོད།
༤) གཞུང་གི་སློབ་གྲྭ་ཁག་ཏུ་སློབ་སྤྱོང་བྱེད་ཀྱིན་ཡོད་པའི་བྱིས་པའི་བརྒྱ་ཆ་ ༥༣་༢༢ ལ་བཙན་གཡེམ་ཐེབས་ཀྱི་ཡོད།
༥) བྱིས་པར་བཙན་གཡེམ་གཏོང་མཁན་གྱི་བརྒྱ་ཆ་ ༥༠ བྱིས་པ་རང་ཉིད་ལ་འབྲེལ་འདྲིས་དང་ཡིད་ཆེས་ཡོད་སའི་མི།  དེ་བཞིན། རང་ཉིད་ལ་བདག་སྐྱོང་བྱེད་མཁན་སོགས་ཡིན་འདུག

བསྐྱར་བཅོས།: ༢༠༡༧/༠༥/༡༧

Leave a Reply