བུད་མེད་ཐོབ་ཐང་སྐྱེས་པས་རྩོད།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༧༡༩ སྟེང་གི་རྩོམ་སྒྲིག་པའི་གཏམ།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ་གླེང་ནས་ལོ་བཅུ་ཕྲག་གསུམ་ལྷག་ཕྱིན་ཡོད། བོད་ནང་གི་གཞོན་སྐྱེས་ཚོའི་ཁྲོད་དུ་ཡང་སྐད་ཆ་འདི་གང་འཚམ་ཁྱབ་རྒྱ་ཆེན་པོ་རེད། ཐོག་མ་ནུབ་ཕྱོགས་ནས་རྒྱ་གར་དང་རྒྱ་ནག་ལ་དར་ཅིང་། རྒྱ་དཀར་ནག་ནས་རིག་གཞུང་ཞིག་གི་ཚུལ་དུ་བོད་པ་ཚོས་ཚུར་ལེན་བྱས་ཏེ། ཧ་ཅང་དེང་རབས་ཅན་ཞིག་གི་ངོ་བོར་སྒོམ་ནས་དར་སྤེལ་གྱི་ཕྱོགས་སུ་གོམ་ཁ་སྤོས།

ནུབ་ཕྱོགས་སྤྱི་ཚོགས་ནང་གནའ་སྔ་མོ་ཕོ་མཆོག་མོ་དམན་གྱི་ལྟ་བ་ཤུགས་ཆེ་དྲགས་ཏེ། ཚུལ་མིན་གྱི་གནས་ཚུལ་སྣ་ཚོགས་བྱུང་ཞིང་། སྤྱི་ཚོགས་ལ་བརྡབ་གསིག་ཆེན་པོ་ཐེབས་པའི་དཀའ་ངལ་འོག ཕོ་མོ་འདྲ་མཉམ་ཟེར་བའི་རླབས་ཆེན་གྱི་སྐད་སྒྲ་འདི་བྱུང་བ་རེད། རྒྱ་གར་དང་རྒྱ་ནག་ལའང་ཕོ་མཆོག་མོ་དམན་གྱི་ལོ་རྒྱུས་ཡ་ང་བ་མང་པོོ་ཡོད། འུ་ཅག་བོད་པ་ཚང་ལ་ཕོ་མཆོག་མོ་དམན་གྱི་ལྟ་བ་ཡོད་ཀྱང་། ལྟ་བ་དེས་སྤྱི་ཚོགས་ནང་དཀའ་ངལ་ཆེན་པོ་བཟོས་པའི་ལོ་རྒྱུས་ཉུང་།

བོད་ཕྱི་ནང་གཉིས་ན་བུད་མེད་ཀྱི་ཐོབ་ཐང་དང་ཕོ་མོ་འདྲ་མཉམ་གླེང་གིན་པ་དེར་རྒྱུ་མཚན་དང་རྒྱབ་ལྗོངས་སྣ་ཚོགས་ཡོད་ཀྱང་། ད་ལྟ་བོད་མིའི་སྒྲིག་འཛུགས་ཀྱིས་བུད་མེད་ནུས་སྟོབས་སྤེལ་བའི་སྲིད་བྱུས་ཤིག་ལག་བསྟར་བྱེད་བཞིན་པ་འདི་བོད་པའི་སྤྱི་ཚོགས་ནང་ཕོ་མཆོག་མོ་དམན་གྱི་དཀའ་ངལ་ཆེ་དྲགས་པས་མ་ཡིན་པར། དུས་རབས་དང་རྒྱལ་སྤྱིའི་འགྱུར་འགྲོས་ཀྱི་ཁ་ཕྱོགས་བཟུང་བ་དང་། བོད་པའི་རང་དབང་འཐབ་རྩོད་ནང་བུད་མེད་ཚོས་ཆ་ཤས་ཆེ་ཙམ་ལེན་ཐུབ་པའི་ཆེད་དུ་རེད།

བོད་ཕྱི་ནང་གཉིས་སུ་བུད་མེད་ཀྱི་ཐོབ་ཐང་དང་ཕོ་མོ་འདྲ་མཉམ་གླེང་མཁན་མང་ཡང་། གླེང་གཞི་དེར་དམིགས་ཡུལ་གསལ་བོ་ཡོད་མཁན་ཉུང་། མི་ཁག་ཅིག་གིས་སྤྱི་ཚོགས་ནང་གི་ཛ་དྲག་དཀའ་ངལ་ཞིག་གི་ངོ་བོར་འཁྱེར་ནས་གླེང་བ་དང་། ཁག་ཅིག་གིས་འཐབ་རྩོད་ཀྱི་ཆེད་དུ་འཐབ་རྩོད་དང་འགྲན་བསྡུར་གྱི་ཆེད་དུ་འགྲན་བསྡུར་བྱེད། ཁྱིམ་གྱི་ལས་ཀ་ཙག་ཙིག་དང་བྱིས་པ་རྒན་འཁོགས་གཉོར་སྐྱོང་ཙམ་ལ་དམིགས་ཏེ་ཕོ་མོ་འདྲ་མཉམ་བཤད་པ་དང་། ཆང་དང་ཐ་མག་ལོངས་སུ་སྤྱོད་པར་བུད་མེད་ཁེ་དབང་གླེང་མཁན་ཡང་འདུག
ཡང་སྙིང་ཕོ་མོ་འདྲ་མཉམ་ཟེར་བ་དེ་གང་འདྲ་ཞིག་ལ་ཟེར། དཔེ་ལྟ་ས་སུ་ཞིག་བྱས་ཏེ་ཚད་འཛིན་སར་གང་ཞིག་འཇོག་གམ། སྐྲ་ཟེར་པོ་ཅན་དང་མིག་སྔོན་པོ་ཅན་དག་ལ་དཔེ་བལྟས་ཏེ། ཨ་རི་དང་ཡུ་རོབ་ཚད་གཞིར་འཇོག་རྒྱུ་ཡིན་ན། སྐྲ་སེར་པོ་ཅན་དང་མིག་སྨོན་པོ་ཅན་དག་གིས་ཀྱང་བུད་མེད་ཚོར་ཐོབ་ཐང་མེད་པའི་དཀའ་ངལ་གླེང་གི་ཡོད་ལ། ཨ་རི་དང་ཡུ་རོབ་སོགས་སུའང་ཕོ་མོ་འདྲ་མཉམ་མིན་པའི་གནད་དོན་མང་པོ་ཡོད།

ཆང་ཁང་ཤོ་ཁང་དང་། གཞང་ཁང་རོལ་རྩེད་ཁང་། ཐ་མག་ནག་པོ་འཐེན་ས་སོགས་བག་མེད་བྱེད་ས་གང་དུ་ཡོད་ན། དེ་ན་བུད་མེད་གཅེར་བུ་དང་། ཆགས་སྲེད་འཁྲིག་སྦྱོར་གྱི་དཔར་དང་བརྙན། གློག་དང་སྒྲ་སོགས་བུད་མེད་དང་མཉམ་དུ་བཤམ་ནས་ཁྱེད་ལ་ཡབ་མོ་བྱེད་བཞིན་ཡོད། དེང་གི་དབྱིན་སྐད་ནང་གི་སེག་སེ་ (Sexy) དང་། བོད་སྐད་ནང་གི་སྨད་ཚོང་ཟེར་བ་འདི་དག་བུད་མེད་ཁོ་ནར་འཇུག་པའི་འདུ་ཤེས་དེ་རྒྱལ་ཁབ་དང་ཡུལ་ལུང་གང་གི་ཁྲིམས་སྒྲིག་མིན་ལ། མི་རིགས་དང་ཆོས་ལུགས་གང་གི་སྲོལ་རྒྱུན་ཡང་མ་རེད།

སྤྱིར་བུད་མེད་ཀྱི་ཐོབ་ཐང་དང་ཕོ་མོ་འདྲ་མཉམ་ཟེར་བ་དེ་བུད་མེད་གཅིག་པུའི་ལས་དོན་ཞིག་མིན་ལ། ལས་དོན་དེའི་ཁ་གཏོད་སའང་སྐྱེས་བ་ཁོ་ན་མིན་པར་སྤྱི་ཚོགས་དང་རིག་གཞུང་། ལོ་རྒྱུས་དང་ཆོས་ལུགས་སོགས་མང་པོ་ཞིག་ལ་འབྲེལ་ཡོད་ཀྱང་། འུ་ཅག་བོད་པ་ཚང་གི་བུད་མེད་ཐལ་སྐྱོད་རིང་ལུགས་པ་འགའི་ཧོལ་རྒྱུག་གིས་སྤྱི་ཚོགས་ཧྲིལ་བོར་བུད་མེད་ཐོབ་ཐང་ཟེར་ན་མགོ་ན་བ་ཞིག་དང་ཕོ་མོ་འདྲ་མཉམ་ཟེར་ན་རྣ་ཚ་བ་ཞིག་བཟོས་སོང་སྙམ།

བསྐྱར་བཅོས།: ༢༠༡༦/༡༢/༡༠

Leave a Reply