བོད་ཀྱི་ནང་བསྟན་དཔེ་ཆ་རྣམས་སྲོལ་རྒྱུན་པར་སྐྲུན་བྱེད་ཐབས་ལ་བརྟེན་ཏེ་རྒྱུན་གནས་ཐུབ་འདུག

གསར་འགོད་པ་(Edward Wong)
ནེའུ་ཡོག་དུས་བབ་ཀྱིས་ ༢༠༡༧།༣།༢༡ ཉིན་སྤེལ།

ཁང་པ་ཐོག་རྩེག་གཉིས་པའི་ཁང་མིག་དག་གི་སྒོ་ཕྱེས་འདུག་ལ། ཁྱམས་རྭའི་ནང་དུ་ཉི་འོད་ཀྱི་དྲོད་ཁོལ་འཁྱིལ་འདུག བོད་མི་བཅུ་གྲངས་ཤིག་གིས་སོ་སོའི་ལུས་ལས་ཅུང་ཐུང་བའི་རས་ཞིག་མདུན་དུ་གྱོན་ཏེ། མི་གཉིས་རེ་ཕན་ཚུན་ལ་ཁ་ཕྱོགས་ཏེ་རྐུབ་སྟེགས་དམའ་བོ་རེའི་སྟེང་བསྡད་ཅིང་། བར་དུ་པང་ལེབ་གྲུབ་བཞི་ནར་མོ་རེ་བཞག་ཡོད་པའི་ཕྱོགས་གཅིག་མར་གཟུར་ཏེ་ལས་ཀ་བྱེད་བཞིན་འདུག

ཁོང་ཚོའི་ལག་པ་ཧ་ཅང་མགྱོགས་པོས་མི་གཅིག་གིས་བོད་ཡིག་དང་ཆོས་ལུགས་སྐོར་གྱི་རི་མོ་བརྐོས་ཡོད་པའི་པང་ལེབ་སྟེང་སྣག་ཚ་འབྱུག་གིན་འདུག་ལ། མི་གཞན་ཞིག་གིས་ཤོག་བུ་དཀར་པོ་སྲབ་པོ་རེ་རེ་བཞིན་པང་ལེབ་སྟེང་བཞག་སྟེ་སྒྲིལ་ཤིང་གིས་མནོན་པ་དང་། དེ་ནས་ཤོག་བུ་དེ་ཚུར་བླངས་ཏེ་ཟུར་ཞིག་ཏུ་སྐམ་བཞིན་འདུག

ང་རང་རླངས་འཁོར་ལ་བསྡད་དེ་བསྟུད་མར་བདུན་ཕྲག་གཉིས་རིང་འགྲུལ་བཞུད་བྱས་སྟབས། དགོན་པ་དེར་རྐང་ཐང་དུ་སྐྱོད་པར་ཧ་ཅང་སྐྱིད་སྣང་ཞིག་ཚོར་བྱུང་། ང་ཚོ་ཧཱན་(Han)མི་རིགས་སྐོར་ཞིག་དགོན་པ་དེར་ལྟ་སྐོར་དུ་འཁྲིད་མཁན་བོད་པའི་བུད་མེད་པདྨ་ཆོས་འཛིན་ལགས་ཀྱིས། བོད་པའི་ཆོས་དཔེ་པར་སྐྲུན་བྱེད་སྐབས་ལས་ཀ་བྱེད་མཁན་གྱི་ལུས་པོ་ཡང་ཡང་མར་སྒུར་སྒུར་བྱེད་དགོས་པ་དེ་ནི་སྟོན་པ་བཅོམ་ལྡན་འདས་ལ་ཕྱག་འཚལ་བ་དང་གཅིག་མཚུངས་ཡིན་ཟེར།

པདྨ་ཆོས་འཛིན་ལགས་ཀྱིས་ “ཁོང་ཚོས་རྟག་པར་འདི་ལྟར་ལས་ཀ་བྱེད་ཀྱི་ཡོད་པ་རེད།” “འདི་ནི་ཁོང་ཚོའི་སེམས་ཀྱི་དད་འདུན་རེད། སྤྱིར་སྟོན་པ་བཅོམ་ལྡན་འདས་ལ་དངུལ་དངོས་ཀྱི་མཆོད་པ་བྱེད་པ་ནི་ཡག་པོ་ཡིན་ཡང་། ལུས་ངག་ཡིད་གསུམ་གྱིས་དད་པ་བྱེད་པ་ནི་མཆོད་པའི་མཆོག་རེད།”ཟེར།

ང་ཚོ་བོད་ཡུལ་དུ་སྙན་གྲགས་ཆེན་པོ་ཡོད་པའི་ཁམས་ཁུལ་གྱི་རི་ཁྲོད་དུ་ཡོད་པའི་སེ་རའི་བླ་མ་(Lama sery འདི་དབྱིན་ཡིག་གི་སྒྲ་ཇི་བཞིན་བསྒྱུར་བ་ཡིན་པས་དག་མིན་མ་ངེས།)པར་ཁང་དེར་ཉིན་གུང་ཙམ་ལ་འབྱོར་སོང་། རྒྱ་ནག་གི་ས་ཁྲའི་སྟེང་པར་ཁང་དེ་ཟི་ཁྲོན་ཞིང་ཆེན་གྱི་ནུབ་ཕྱོགས་ཀྱི་རི་བོ་མཐོ་ཚད་ཕི་ཊི་ ༡༦༦༠༠ ཡོད་པའི་ཇོ་ལ་(Cho La)ཞེས་པ་བརྒལ་ན་གཞི་ནས་བསླེབ་ཚུལ་འཁོད་འདུག

སྡེ་དགེ་གྲོང་རྡལ་དུ་ཡོད་པའི་པར་ཁང་དེ་ནི་ ༡༧༢༩ ལོར་གསར་བཞེངས་གནང་བ་དང་། ཐོག་རྩེག་གསུམ་ཅན་གྱི་དགོན་པ་དེར་བོད་ཀྱི་ས་ཕྱོགས་འདྲ་མིན་ནས་མཇལ་སྐོར་བ་རྒྱུན་མི་ཆད་པར་ཡོང་གི་ཡོད་པ་དང་། དགོན་པ་དེའི་རྩིག་གྱང་ངོས་སུ་ཚོན་མདོག་དམར་སེར་བྱུག་ཅིང་། ཁང་ཐོག་ཏུ་གསེར་ཟངས་ལས་གྲུབ་པའི་ནང་པའི་མཚོན་རྟགས་སྣ་ཚོགས་ཀྱིས་བརྒྱན་འདུག

པདྨ་ཆོས་འཛིན་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། པར་ཁང་དེ་ནི་བོད་པའི་རྩ་ཆེའི་རིག་གཞུང་གི་བང་མཛོད་ཅིག་ཡིན་པ་དང་། སྔོན་ཆད་སྲིད་གཞུང་གིས་ལྟ་སྐྱོང་དང་རྒྱབ་སྐྱོར་མ་བྱས་པར། མཐོ་སྒང་བོད་ཀྱི་སྐད་ཡིག་ཉམས་རྒུད་འགྲོ་བཞིན་པའི་སྐབས་སུ། པར་ཁང་དེས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐོག་ནུས་པ་ཆེན་པོ་ཐོན་ཡོད་འདུག

དགོན་པ་དེར་བོད་ཡིག་བསྟན་བཅོས་པར་ཤིང་གྲངས་ ༣༢༠༠༠༠ ཡོད་པ་དང་། དེ་དག་ནི་ལོ་ངོ་ ༢༦༠ ལྷག་ལོ་རྒྱུས་ལྡན་པའི་གནའ་རྫས་རྩ་ཆེན་རྐྱང་རྐྱང་ཡིན་འདུགཔདྨ་ཆོས་འཛིན་ལགས་ནི་དགོན་པ་དེའི་དང་བླངས་ལྟ་རྟོག་བྱེད་མཁན་ཡིན་པ་མ་ཟད། དགོན་པར་ལྟ་སྐོར་དང་མཆོད་མཇལ་དུ་ཡོང་མཁན་ཚོར་འགྲེལ་བཤད་རྒྱག་མཁན་གྱི་སྣེ་ཤན་པའང་ཡིན་འདུག

ཁོ་མོས་ང་ཚོར་ནང་པའི་ཆོས་གཞུང་གིས་གཏམས་པའི་ཁང་མིག་རེ་རེ་བཞིན་བསྟན་ཏེ། དེ་གར་བསྟན་བཅོས་པོ་ཏི་ ༨༣༠ ཡོད་པ་དང་། བོད་ཀྱི་རིག་གནས་བསྟན་ཆོས་བརྒྱ་ཆ་ ༧༠ ལྷག་འདུས་ཡོད་ཅེས་འགྲེལ་བཤད་བསྐྱོན་བྱུང་།དགོན་པ་དེ་ཐོག་མ་གསར་བཞེངས་གནང་མཁན་ནི་སྡེ་དགེ་ས་སྐྱོང་ཆོས་རྒྱལ་བསྟན་པ་ཚེ་རིང་ཞུ་བ་ཁོང་ཡིན་པ་དང་། ཁོང་གིས་བོད་པའི་ཆོས་བརྒྱུད་རིས་མེད་ཀྱི་བསྟན་བཅོས་མང་པོ་པར་སྐྲུན་ཕྱག་ལས་གནང་ཡོད་འདུགཔདྨ་ཆོས་འཛིན་ལགས་ཀྱིས་“ཆུ་ཕྲན་མང་པོ་རྒྱ་མཚོར་འབབ་པ་ལྟར། ཁོང་ནི་ཐུགས་རྒྱུད་ཡངས་མོ་རྒྱ་མཚོ་ལྟ་བུ་རེད།” ཅེས་ལབ་སོང་།

ད་དུང་པདྨས་ང་ཚོར། ཁོང་ཚོས་སྔར་ཡོད་ཤིང་པར་དེ་དག་ལ་སྲུང་སྐྱོབ་བྱེད་པ་ཙམ་མིན་པར། ༡༩༨༠ ལོ་ནས་ཤིང་པར་གསར་པ་བཟོ་མགོ་བརྩམས་པ་རེད་ཟེར། ད་བར་ལོ་ངོ་བཅུ་ཕྲག་ཁ་ཤས་ཕྱིན་ཡོད་སྟབས་ད་ལྟ་ཉུང་མཐར་ཤིང་པར་འབུམ་བཞི་ལས་བརྒལ་ཡོད་པའི་ཡིད་ཆེས་བྱེད་ཆོག་པ་ཞིག་རེད།

ད་དུང་ཁོང་མོས། པར་ཤིང་དེ་དག་བཟོ་བར་རིམ་པ་ ༡༣ ཙམ་བརྒྱུད་དགོས་ཤིང་། པར་ཤིང་དེ་དག་གི་རྒྱུ་ཆ་ཤིང་སྟག་པ་ཡིན་པ་དང་། ཐོག་མར་ཤིང་སྟག་པ་བཅད་པའི་རློན་པ་ཆུ་ནང་དུ་བཞག་སྟེ་ལོ་ཕྱེད་རིང་འཇོག་དགོས་པ་དང་། མཐའ་མར་གས་ཆག་སོགས་ཀྱི་གནོད་སྐྱོན་རིགས་ཐེབས་མེད་ཚེ་གཞི་ནས་པར་ཤིང་བཟོས་ཏེ་སྟེང་དུ་ཡི་གེ་བརྐོ་དགོས་ཤིང་། ཡི་གེ་དང་རི་མོ་སོགས་མ་བརྐོས་སྔོན་ལ་འབུ་སྲིན་དང་ཙི་ཙི་སོགས་ཀྱི་གནོད་འཚེ་མི་གཏོང་བའི་ཆེད་དུ།རང་བྱུང་སྔོ་རྩྭའི་སྨན་རིགས་རྫས་སྦྱོར་འབྱུག་དགོས་པ་རེད་ཅེས་འགྲེལ་བཤད་བསྐྱོན་བྱུང་།

པར་ཁང་དེར་མི་གྲངས་ ༦༠ ཙམ་ལས་ཀ་པར་གླས་འདུག་པ་དང་། ཁོང་ཚོར་གླ་ཆ་ཡག་པོ་མེད་ཀྱང་དེའི་ཁྲོད་ཀྱི་མི་མང་ཆེ་བས་ལོ་ངོ་བཅུ་ཕྲག་གཉིས་གསུམ་རིང་ལྷག་བསམ་རྣམ་དག་གིས་ཕྱག་ལས་གནང་ཡོད་པ་རེད་ཟེར། ཁོང་ཚོས་ཤིང་པར་གྱི་ཆོས་དཔེ་རྣམས་མཐོ་སྒང་བོད་པའི་ས་ཕྱོགས་གང་སར་འགྲེམ་སྤེལ་བྱེད་ཆེད།ཉིན་ལྟར་རྒྱབ་མདུན་གཉིས་ཀར་ཡི་གེ་ཡོད་པའི་ཤོག་གྲངས་ ༢༥༠༠ ལྷག་རེ་པར་སྐྲུན་བྱེད་བཞིན་ཡོད་འདུག བོད་པའི་དུས་ཆེན་སོགས་སུ་པར་ཁང་དེར་ལས་ཀ་བྱེད་མཁན་ ༥༠༠ ལྷག་ཡོང་གི་ཡོད་པ་དང་། དེ་དག་མང་ཆེ་བ་ཉེ་འགྲམ་གྱི་དགོན་ཆེན་དེའི་གྲྭ་བ་རྣམས་ཡིན་འདུགའོན་ཀྱང་། ང་ཚོ་སྐྱོད་པའི་སྐབས་སུ་པར་ཁང་གི་དཔེ་ཆ་དཔར་མཁན་ཚང་མ་མི་སྐྱ་རེད།

འདུ་ཁང་དེའི་བར་ཁྱམས་སུ་ཁང་མིག་ཁ་ཤས་འདུག་ལ། ཐོག་རྩེག་གསུམ་པའི་ཁང་མིག་ཅུང་ཟད་ནག་ཁུང་ཞིག་གི་ནང་དུ་མི་ཁ་ཤས་ཀྱི་ལག་ཏུ་ཤིང་ལེབ་རེ་བཟུང་སྟེ་ནང་པའི་ཐང་ཀའི་རི་མོ་རྣམས་ཤིང་ལེབ་སྟེང་རྐོ་བཞིན་འདུག

གྱང་ངོས་སུ་དཔྱང་པའི་ཐང་ཀ་དག་ཏུ་ལྷ་ཚོགས་ཀྱི་རྣམ་པ་མཚོན་པར་བྱས་འདུག་ཅིང་། དེ་དག་ནང་སྟོན་པ་ཤཱཀྱ་མུ་ནེ་སྐྱིལ་ཀྲུང་དུ་བཞུགས་ཤིང་ཕྱག་གཅིག་ཐུར་དུ་བརྐྱངས་འདུག སངས་རྒྱས་སྨན་བླའི་ཕྱག་ཏུ་ལྷུང་བཟེད་བསྣམས་ཤིང་། ངན་རྐྱེན་བར་ཆད་ཐམས་ཅད་ལས་སྐྱོབ་མཁན་མགོན་པོ་ཕྱག་དྲུག་ཚོན་མདོག་སྔོ་ནག་གིས་འབྲི་བཞེངས་བྱས་འདུག་ལ། ཁོང་ལ་ཕྱག་མང་པོ་དང་བདུད་ལ་མཆེ་བ་བརྩིགས་ཏེ་དྲག་པོའི་ཉམས་སུ་བཞེངས་གནང་འདུག

ཁང་མིག་ཅིག་གི་ཟུར་ཞིག་ཏུ་མཁན་པོ་(དགོན་པ་ལྟ་སྐྱོང་བྱེད་མཁན་ནམ་དགོན་པའི་གཙོ་བོ་)ཞིག་གིས་པར་སྐྲུན་བྱེད་མཁན་ལས་བྱེད་ཅིག་དང་ལྷན་དུ་དཔེ་ཆའི་སྐོར་ལ་ཁ་བརྡ་བྱེད་བཞིན་འདུགདེ་ལས་ཅུང་བར་ཐག་རིང་སར་བོད་མི་གཟུགས་རིང་སྟོད་གོས་ནག་པོ་(Arc’teryx)རྟགས་ཅན་གྱོན་མཁན་ཞིག་གིས། ཁང་མིག་དེ་དག་ནང་ཡོད་པའི་དངོས་ཆས་རྣམས་ལ་མཛུབ་མོ་ཀེར་ཏེ་ང་ཚོར་ངོ་སྤྲོད་གནང་བྱུང་། ཁོང་གི་མིང་ལ་འཆི་མེད་རྡོ་རྗེ་ཟེར་ཞིང་། ཁོང་བོད་ཡུལ་དུ་སྙན་གྲགས་ཡོད་པའི་སྨན་པ་ཞིག་ཡིན་འདུག ཁོང་གིས་མི་གཞན་ལ་བོད་པའི་གསོ་བ་རིག་པ་སློབ་ཁྲིད་བྱེད་ཀྱིན་ཡོད་པ་མ་ཟད། ཁོ་རང་ལ་གྲོང་རྡལ་གྱི་དབུས་སུ་སྒེར་གྱི་སྨན་ཁང་ཞིག་ཀྱང་ཡོད་འདུག

འཆི་མེད་རྡོ་རྗེ་ལགས་ཀྱིས་ང་ཚོར། སྔོན་མ་བོད་པའི་སྨན་ཁང་ནི་གྲྭ་པ་ཚོས་འཛིན་སྐྱོང་བྱེད་བཞིན་ཡོད་ཀྱང་ཕྱིས་སུ་རིམ་པས་ལམ་ལུགས་དེར་འགྱུར་བ་ཐེབས་པ་རེད། དེར་བརྟེན། ད་ཆ་ཁོང་དང་སྨན་པ་ཁ་ཤས་ཀྱིས་བོད་པའི་སྲོལ་རྒྱུན་རིག་གཞུང་དེ་དག་ལག་ལེན་དང་རྒྱུན་འཛིན་བྱེད་ཀྱིན་ཡོད་ཟེར། བོད་པའི་སྲོལ་རྒྱུན་སྨན་དཔྱད་རིག་པའང་པར་སྐྲུན་ཁང་དེ་དང་འདྲ་བར་བོད་མི་ཚོས་མགོ་ཁྲིད་མའོ་(Mao)ཡི་སྐབས་སུ་ཉམས་རྒུད་འགྲོ་རུ་མ་བཅུག་པར། ཉམ་ང་ཉག་ཕྲའི་སྐབས་སུ་ཚོང་འབྲེལ་རང་བཞིན་ལ་བརྟེན་ཏེ་སྲོལ་རྒྱུན་རིག་གནས་དེའི་ཚེ་སྲོག་བསྐྱབས་ཏེ། ད་ལྟ་གསོན་གནས་ཐུབ་པ་བྱུང་ཡོད་འདུག

ཁོས་ང་ལ་“སྤྱིར་བོད་སྨན་ནང་དངུལ་ཆུ་དང་ཞ་ཉེ་སོགས་ཀྱི་རྫས་རིགས་ཤུགས་ཆེན་པོ་ཡོད་པའི་བཤད་སྲོལ་ཡོད་ཀྱང་། དེ་དག་བོད་སྨན་ནང་བསྲས་རྗེས་ལུས་ལ་མི་གནོད་པར་ནད་ཚ་བཅོས་བར་བྱེད་པའི་སྨན་གྱི་ངོ་བོར་འགྱུར་གྱི་ཡོད་པ་རེད།” “ལྟ་གྲུབ་ཀྱི་གཞི་རྩ་ཡོད་པའི་ཤེས་ཡོན་སྡེ་ཚན་ཁ་ཤས་ཀྱིས་བོད་སྨན་ནི་ཚད་ལྡན་ཡིན་པར་ཁུངས་སྐྱེལ་ར་འཕྲོད་བྱས་ཡོད།”ཅེས་བཤད་སོང་།

དགོན་པའི་ཕྱི་ལོགས་སུ་གནས་སྐོར་བ་རྣམས་ཀྱིས་དགོན་པར་སྐོར་བ་བྱེད་ཀྱིན་འདུག རྨོ་མོ་རྒན་འཁོགས་དག་གིས་ལག་པ་ཡ་གཅིག་ནང་མ་ཎི་ལག་འཁོར་རེ་སྐོར་བ་དང་། ལག་པ་ཡ་གཅིག་འཁར་བར་བརྟེན་ཏེ་སྐོར་བར་འགྲོ་བཞིན་འདུག པདྨས་བརྗོད་པ་ལྟར་ན། དགོན་པའི་ནང་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་གསུམ་གྱི་རྟེན་སྣ་ཚོགས་ཡོད་སྟབས། དགོན་པར་སྐོར་བ་བྱས་ན་སངས་རྒྱས་ལ་སྐོར་བ་བྱེད་པ་དང་གཅིག་མཚུངས་ཡིན་ཟེར།

དེ་གར་ལྟ་སྐོར་དུ་ཡོང་བའི་བསོད་ནམས་ཟེར་བ་ཞིག་གིས། སྡེ་དགེ་ས་ཆར་ཡོད་པའི་བོད་པའི་སྲོལ་རྒྱུན་རིག་དངོས་ཀྱི་རྣམ་གྲངས་དེ་ལྟ་བུ་ཞིག་བོད་པའི་ས་ཁུལ་གཞན་གང་དུའང་མཐོང་དཀོན་ཟེར། ཁོས་དགོན་པར་སྐོར་བ་བྱེད་བཞིན་པའི་བུད་མེད་ཅིག་གི་སྐྲ་སླེ་མའི་གསེང་དུ་གཡུ་དང་བྱུ་རུའི་རྒྱན་ཆ་བཏགས་ཡོད་པར་མཛུབ་མོ་ཀེར་ཏེ་ཁོང་ཚོ་འབྱོར་ལྡན་པའི་གྲས་རེད་ཟེར།

དགོན་པ་དེ་ནི་རི་བོའི་གསེང་དུ་ཡོད་སྟབས་རྒྱང་གྲགས་ལས་ཞལ་འདོན་སྐྱོར་བཞིན་པའི་སྒྲ་ལྷིང་ལྷིང་གྲགས་ཀྱིན་འདུགཁང་རྩེག་སུམ་ཐོག་དེའི་མདུན་ཕྱོགས་ཤིང་ནགས་ཀྱིས་སྒྲུབ་ཡོད་པའི་བོད་པའི་སྲོལ་རྒྱུན་བཟོ་བཀོད་ཅན་གྱི་དགོན་པ་དེ་བོད་ཆོལ་ཁ་གསུམ་གྱི་ཡ་གྱལ་ཁམས་ཕྱོགས་ཀྱི་ཆོས་ཀྱི་བསྟི་གནས་རྩ་ཆེ་ཤོས་གྲས་ཤིག་ཡིན་འདུག

སྤྱིར་སྡེ་དགེ་དགོན་པ་དང་དེའི་ཁོར་ཡུག་གི་བྱ་དངོས་མང་པོ་ཞིག་གིས་ང་ཚོའི་མིག་ལམ་དུ་གནའ་སྔ་མོའི་སྲོལ་རྒྱུན་རིག་གནས་ཀྱི་སྣང་བརྙན་གསོན་པོ་དག་དྲངས་འོང་ཡང་། སྡེ་དགེའི་གྲོང་རྡལ་དག་ནི་དེ་ལྟར་མིན་པར། གཙང་གཤོང་དག་ཏུ་དེང་དུས་ཀྱི་ཁང་པ་ཐོག་རྩེག་ལྔ་ཅན་བང་བསྒྲིགས་ཏེ་ཡོད་པ་དང་། ཁང་ཆེན་དེ་དག་གི་བཟོ་བཀོད་དང་ཚོན་མདོག་ལ་འོད་མདངས་འཕྲོ་ཞིང་། དགོང་མོ་ས་རུབ་མ་ཐག་གློག་འོད་ཁྲ་ཆིལ་ཆིལ་འཕྲོ་བ་མཐོང་ཐུབ།

ཧྥ་རན་སིའི་རྒྱལ་ས་ཕ་རེ་སིར་གནས་སྡོད་བོད་རིག་པའི་མཁས་པ་ལྕམ་ཀཱ་ཊི་ཨི་ཡཱ་བྷ་ཕི་ཊེ་རིལ་ལཱི་(Katia Buffetrille)ལགས་ཀྱིས་བརྗོད་པ་ལྟར་ན། ཁོང་མོ་ལོ་སྔོན་མར་ས་དེར་ལྟ་སྐོར་དུ་སྐྱོད་སྐབས་གྲོང་རྡལ་དེའི་ཆགས་སྟངས་མཐོང་སྟེ་ཧ་སང་སོང་ཟེར། ལོ་ངོ་བཅུ་ཕྲག་གསུམ་གྱི་སྔོན་ལ་ཁོ་མོ་ཐེངས་དང་པོར་གྲོང་རྡལ་དེར་བསླེབས་མྱོང་ཡོད་འདུག

ཀཱ་ཊི་ཨི་ཡཱ་ལགས་ཀྱིས་བརྗོད་པར། ༡༩༨༥ ལོར་དགོན་པའི་གནས་སྟངས་ཧ་ཅང་སྐྱོ་བོ་རེད། གཏོར་བཤིག་ཚབས་ཆེ་བའི་རིག་གནས་གསར་བརྗེ་ལས་འགུལ་མཇུག་བསྒྲིལ་ཏེ། ལོ་ཤས་རྗེས་པར་ཁང་དེས་སླར་ཡང་དཔེ་ཆ་པར་མགོ་བརྩམས་པ་རེད་ཟེར།ཁོང་མོས་བརྗོད་དོན། “པར་ཁང་དེའི་ལས་དོན་བྱེད་ཕྱོགས་༡༩༨༥ ལོར་ཇི་ལྟར་བྱེད་ཀྱི་ཡོད་པ་ད་ལྟའང་དེ་རང་འཇགས་བྱེད་ཀྱི་ཡོད་པ་རེད།” “ཁོང་ཚོས་ཉི་མ་རེ་རེར་ཤོག་གྲངས་ཧ་ཅང་མང་པོ་པར་ཐུབ་ཀྱི་ཡོད།”ཟེར།མོས་སླར་ཡང་“པར་སྐྲུན་སྐབས་མཚམས་རེར་ཡི་གེ་གསལ་པོ་མེད་པ་དེ་འདྲ་ཡོང་གི་ཡོད་ཀྱང་དེ་དག་ལ་འགྲེལ་བཤད་བསྐྱོན་ཆོག་གི་རེད།”ཅེས་བསྐྱར་ནན་བྱས་བྱུང་།

རིག་གཞུང་རྣམས་ནི་ཡུན་རིང་གནས་ཀྱི་ཡོད། ཉིན་གུང་ཞིག་ལ་དཔེ་སྐྲུན་ཁང་དེའི་ཕར་ཕྱོགས་ཀྱི་རི་སྒང་དུ་ཡོད་པའི་དགོན་པ་དེར་ལྟ་སྐོར་དུ་ཕྱིན་པ་ཡིན། དགོན་པ་དེར་གཟའ་འཁོར་རེར་སྨོན་ལམ་འཚོགས་སྲོལ་ཡོད་པ་ལྟར། ང་ཚོ་ཕྱིན་པའི་ཉིན་དེར་ཏག་ཏག་སྨོན་ལམ་འཚོགས་བཞིན་པའི་སྐབས་དང་འཁེལ་སོང་། གྲྭ་པ་རྣམས་ཚོགས་འཚོགས་བཞིན་འདུག་ལ་དགེ་འདུན་པ་ཞིག་གིས་ཁྱམས་རྭར་ཡོད་པའི་ཆོས་ཞུ་བའི་སྟེང་ཏུ་ཆུ་ཟེགས་གཏོར་བཞིན་འདུག ཕྱོགས་གཞན་དེར་པང་ལེབ་སྟེང་བཞུགས་པའི་བླ་མ་གྲྭ་པ་རྣམས་ཀྱིས་ཉེ་འགྲམ་གྱི་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་པའི་དཔེ་ཆར་གཟིགས་ཏེ་སྐད་ཤུགས་ཆེན་པོས་ཀློག་འདོན་གནང་གི་འདུག

བསྐྱར་བཅོས།: ༢༠༡༧/༠༤/༡༢

Leave a Reply

One thought on “བོད་ཀྱི་ནང་བསྟན་དཔེ་ཆ་རྣམས་སྲོལ་རྒྱུན་པར་སྐྲུན་བྱེད་ཐབས་ལ་བརྟེན་ཏེ་རྒྱུན་གནས་ཐུབ་འདུག

  1. ས་མཐའི་སྤུན་

    སྡེ་དགེ་ས་སྐྱོང་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་༡༧༢༩ལོར་དགོན་པ་དང་དཔར་ཁང་གསར་བཞེངས་གནང་སྟེ། རིས་མེད་ཆོས་བརྒྱུད་ཁག་གི་བསྟན་བཅོས་རྣམས་དཔར་དུ་བསྐྲུན་པའི་ལས་གཞི་མགོ་བཙུགས་པ་དེས་ནང་པ་སངས་རྒྱས་པའི་བསྟན་པ་ལ་བྱ་བ་རླབས་པོ་ཆེ་བཞག་འདུག་པས་རྗེས་སུ་ཡི་རངས་ཡོད། ཁྱེད་ཀྱི་ཐུགས་འདུན་ཟབ་མོ་འཇིག་རྟེན་འདི་མ་སྟོངས་བར་དུ་གནས་པར་སྨོན། དགེ་རྩ་དེས་མཐུ་ལ་བརྟེན་ནས་ནང་པ་སངས་རྒྱས་པའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་བ་དང་། མ་རྒན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འཁྲུངས་ནས་ཉེར་འཚེ་མཐའ་དག་ཞི་བར་འགྱུར་ཅིག སརྦ་མངྒ་ལཾ།