བོད་ཀྱི་བུད་མེད་ཉིན་མོ་གཞུང་འབྲེལ་སྲུང་གཙི་ཐེངས་དང་པོ་གནང་།

བོད་ཀྱི་བུད་མེད་ཉིན་མོར་༧གོང་ས་མཆོག་ནས་ང་རང་ཚོ་ཕོ་མོ་སྐྱ་སེར་དབྱེ་བ་མེད་པ་སྤྱི་དང་། ལྷག་པར་དུ་བུད་མེད་ཚོས་རང་བཞིན་གྱི་ལུས་པོའི་གྲུབ་ཆར་བྱམས་བརྩེའི་ནུས་པ་ཡོད་བསྡད་པ་དེ་སྤྱི་ཚོགས་ནང་སྤེལ་ཐུབ་པར་སྙིང་སྟོབས་སྐྱེད་དགོས་སྐོར་གསུངས་སོང་།

ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་༨།༡༥ ཙམ་གྱི་ཐོག་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་མཆོག་ནས་དད་ལྡན་སེར་སྐྱ་མི་མང་ལ་ཉིན་གྲངས་གསུམ་རིང་གི་གསུང་ཆོས་དབུ་འཛུགས་བཀའ་དྲིན་བསྐྱངས་ཡོད་པ་དང་སྦྲགས། སྔ་དྲོའི་ཆུ་ཚོད་ ༡༠ ཙམ་གྱི་ཐོག་བོད་ཀྱི་ལོ་རྒྱུས་ནང་གི་བོད་ཀྱི་བུད་མེད་ཉིན་མོ་གཞུང་འབྲེལ་སྲུང་གཙི་ཐེངས་དང་པོ་གནང་སོང་བ་དང་། མཛད་སྒོའི་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་མཁན་བླ་རྣམ་པའི་དབུས་སྐྱབས་གནས་གྲྭ་བཙུན་གྱི་སྡེ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། དེ་བཞིན་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་ལྕམ་ལི་སཱ་སིན་(Lisa Singh)ལགས་དང་། ཧྥ་རན་སིའི་གྲོས་ཚོགས་འཐུས་མི་ལྕམ་ཨི་ནེ་ཁི་བྷི་ལོན་(Annick Billon)ལགས། ཨི་ཊ་ལི་ལྷོ་ཊི་རོལ་གྱི་སྲིད་འཛིན་སྐུ་ཞབས་ཨར་ནོ་ཁོམ་པཱ་ཆིར་( Dr. Arno Kompatscher) ལགས། ཧྥ་རན་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་སྐུ་ཞབས་མི་ཆལ་ར་སིན་(Mr.Micheal Raison )ལགས། ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ཁོན་སིན་ལོ་ཌི་ནི་ནོ་( Consiglio Di Nino )ལགས་སོགས་ཕྱིའི་སྐུ་མགྲོན་རྣམ་པ་དང་། གཞན་ཡང་། དྷ་ས་ཁུལ་གྱི་སློབ་གྲྭ་ཁག་གི་སློབ་ཕྲུག་དང་དྷ་སའི་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༤༠༠༠ ཡས་མས་འཛོམས་འདུག

སྲིད་སྐྱོང་མཆོག་ནས་བཀའ་ཤག་གི་གསུང་བཤད་སྒྲོག་སྦྱངས་གནང་སྐབས། སྤྱི་ཡོངས་ནས་བོད་པའི་སྤྱི་ཚོགས་ཀྱི་གནས་སྟངས་ལ་གཟིགས་པ་ཡིན་ན། བུད་མེད་ཀྱི་ཐོབ་ཐང་དང་འགན་འཁུར་སྟངས་དེ་༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ཡར་རྒྱས་ཧ་ཅང་ཕྱིན་ཡོད་པ་རེད། ཡིན་ནའང་། ཡར་རྒྱས་ལ་མཐའ་མེད་པས་ད་དུང་ཡིན་ནའང་སྤྱི་ཚོགས་ནང་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་གཏོང་དགོས་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་རེད། གཞི་རྩའི་ང་ཚོའི་བཅའ་ཁྲིམས་དང་ཁྲིམས་སྒྲིག་གཞན་ཁག་གི་ནང་བུད་མེད་ཚོར་དབྱེ་འབྱེད་མེད་ཀྱང་། ལོ་ངོ་སྟོང་ཕྲག་མང་པོའི་བག་ཆགས་ལ་བརྟེན་ནས་བསམ་བློ་དང་གོམས་གཤིས་ནང་དབྱེད་འབྱེད་ཅིག་ལྷག་བསྡད་ཡོད་པ་དང་། དབྱེ་འབྱེད་ཀྱི་བསམ་བློ་དང་གོམས་གཤིས་འདི་འདོར་དགོས་ཀྱི་ཡོད་པ་རེད། འདི་འདོར་བར་གཞི་རྩའི་བོད་མིའི་སྒྲིག་འཛུགས་ནས་མཐུན་རྐྱེན་སྦྱོར་རྒྱུ་ང་ཚོའི་འགན་རེད། ཡིན་ནའང་། མི་མང་ནང་ནས་ཕྱར་གྲུ་མཉམ་འདེགས་ཀྱིས་སྐུ་ལས་བསྐྱོན་པ་ཡིན་ན་ཏན་ཏན་བུད་མེད་ཀྱི་ནུས་སྟོབས་འཕེལ་ཐུབ་ཀྱི་རེད།

གཞི་རྩའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་ཕྱི་ལོ་ ༢༠༡༤ ནི་བུད་མེད་ཀྱི་ལོ་ཡིན་ཞེས་སྐྱེས་པ་ཚོས་བུད་མེད་ལ་རྒྱབ་སྐྱོར་ཡོད། He For She ཅེས་པའི་ལས་འགུལ་ཞིག་སྤེལ་ཡོད་པ་རེད་ལ། བུད་མེད་ནུས་སྟོབས་འཕེལ་རྒྱུར་སྐྱེས་པས་འགན་འཁྱེར་དགོས་རེད། དབྱིན་ཡིག་ནང་ཕོ་རབ་གཅིག་གི་རྒྱབ་ཏུ་མོ་རབ་གཅིག་ཡོད་( Behind every successful man, there is a woman )ཅེས་བཤད་སྲོལ་ཡོད་པ་རེད། ད་ལྟ་ང་ཚོས་སྐུ་ལས་རྒྱག་དགོས་པ་གང་རེད་ཟེར་ན། ཕོ་མོ་འདྲ་མཉམ་ཡིན་པའི་ཐོག་ནས་ཚང་མས་ནུས་པ་སྤུངས་ནས་བུད་མེད་ཀྱི་ནུས་སྟོབས་འཕེལ་ཐུབ་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། ནུས་པ་འདི་འཕེལ་ཐུབ་པ་ཡིན་ན་འཛམ་གླིང་ནང་ལ་ང་ཚོ་ཕོ་མོ་འདྲ་མཉམ་བྱས་ནས་རྩ་དོན་རྩོད་པ་ཡིན་ནའང་ཐུགས་ཕན་གསོས་རྒྱུ་རེད། ཅེས་སོགས་གསུངས་སོང་།

སྤྱི་འཐུས་ཚོགས་གཙོ་མཆོག་ནས་བོད་མི་སྤྱི་འཐུས་ཀྱི་གསུང་བཤད་སྒྲོག་སྦྱངས་གནང་སྐབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་སྤྱི་ཚོགས་འདི་བཞིན་རིགས་རུས་དང་སེར་སྐྱ་ཕོ་མོ་དབྱེ་བ་མེད་པ་འདྲ་མཉམ་དང་། མང་གཙོའི་ལམ་སྲོལ་ཡང་དག་པ་ཞིག་ཏུ་བསྒྱུར་རྒྱུའི་དགོངས་བཞེད་ཡོད་པ་ལྟར། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་རྗེས་བོད་མིའི་མང་གཙོའི་ལམ་ལུགས་དངོས་སུ་སྲོལ་གཏོད་མཛད་པ་དང་། ཕྱི་ལོ་ ༡༩༦༣ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་བཀའ་འཁྲོལ་གཏན་འབེབས་མཛད་ཅིང་། ཕྱི་ལོ་ ༡༩༦༤ ལོར་སྤྱི་འཐུས་ཡོང་ཁུངས་ཕོ་མོ་ཁྱད་མེད་ཐོག་བུད་མེད་ཆེད་སྤྱི་འཐུས་ཀྱི་ཞབས་སྟེགས་ཟུར་བཅད་གནང་ཡོད། ཕྱི་ལོ་ ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་བཀའ་འཁྲོལ་བསྩལ་བ་ནས་བཟུང་སྤྱི་འཐུས་ཡོང་ཁུངས་ཕོ་མོ་ཁྱད་མེད་ཐོག་ཆོལ་ཁ་རེར་སྤྱི་འཐུས་ཀྱི་ཞབས་སྟེགས་གཉིས་རེ་བུད་མེད་ཆེད་ཟུར་བཅད་གནང་ཡོད།

  ༸གོང་ས་མཆོག་གིས་བུད་མེད་ཀྱི་ནུས་སྟོབས་སྤེལ་དགོས་པའི་བཀའ་སློབ་ཡང་ཡང་ཕེབས་པ་བཞིན་དུས་རབས་ ༡ པ་འདི་ཡི་ནང་རྒྱལ་ཁབ་ཁག་གི་འགོ་ཁྲིད་ནང་བུད་མེད་ཀྱིས་མཉམ་ཞུགས་མང་བ་བྱུང་ཚེ་བུད་རྣམས་ཀྱི་བྱམས་སེམས་ལ་བརྟེན་ནས་འཛམ་གླིང་ནང་ཞི་བདེར་སྨན་རླབས་ཆེ་བ་ཡོང་བའི་རེ་བ་ཡོད་སྐོར་གྱི་བཀའ་སློབ་ཀྱང་སྩལ་ཡོད་པ་དང་། བུད་མེད་རྣམས་རང་བཞིན་གྱི་བྱམས་སེམས་དང་སྙིང་རྗེ་ཆེ་བ། ཕྲུ་གུ་གསོ་སྐྱོང་དང་བྱམས་སྐྱོང་གི་ནུས་སྟོབས་ཁྱད་པར་བ་ལྡན་པ་སོགས་ཀྱི་དངོས་མཐོང་རྒྱུ་མཚན་རྣམས་ལ་བརྟེན་ནས་འབྱུང་འགྱུར་བོད་ཀྱི་བུད་མེད་རྣམས་ཀྱིས་ལས་རིགས་གང་ལའང་སྣེ་འཁྲིད་ཀྱིས་འཛམ་གླིང་གི་སྤྱི་ཚོགས་འདི་བཞིན་བྱམས་བརྩེ་དང་། འཚེ་མེད་ཞི་བའི་ལམ་དུ་འཁྲིད་ཐུབ་པའི་སླད་དུ་ནུས་པ་ཆེ་བ་འདོན་རྒྱུ་དང་འགན་ཁུར་མང་ཙམ་བཞེས་དགོས་པ་གལ་ཆེན་ཆགས་ཡོད། ཅེས་གསུངས་སོང་།

དེ་ནས་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ལྕམ་ལི་སཱ་སིན་(Lisa Singh)ལགས་ཀྱིས་བོད་ཀྱི་བུད་མེད་ཉིན་མོར་མཉམ་ཞུགས་གནང་རྒྱུ་བྱུང་བར་ཧ་ཅང་དགའ་བོ་བྱུང་སྐོར་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དགོངས་པ་ཆེར་བཞེས་ཀྱིས་བཙན་བྱོལ་བོད་ཀྱི་བུད་མེད་ཚོར་འདྲ་མཉམ་གྱི་གོ་སྐབས་བསྐྲུན་གནང་བ་དེར་ཐུགས་རྗེ་ཆེ་ཞུས་པ་དང་། ༧གོང་ས་མཆོག་ནི་བུད་མེད་ཀྱི་ཐོབ་ཐང་བརྩོན་ལེན་གནང་མཁན་གྱི་༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ཁྲོད་ཀྱི་ཐོག་མ་དེར་ངོས་འཛིན་ཞུ་ཆོག་ལ། ཁོང་གི་དབུ་འཁྲིད་འོག་འདས་པའི་དུས་རབས་ཕྱེད་གཅིག་གི་རིང་བཙན་བྱོལ་བོད་ཀྱི་བུད་མེད་ཚོར་དམངས་གཙོའི་འོས་འདེམས་དང་ཆོས་ཕྱོགས་ནས་དགེ་བཤེས་མའི་ལམ་ལུགས་གསར་གཏོད་གནང་བ་སོགས་འདྲ་མཉམ་གྱི་གོ་སྐབས་བསྐྲུན་གནང་ཡོད་པ་ལྟར། བོད་ཀྱི་བུད་མེད་ཚོས་སྣེ་འཁྲིད་དེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་བརྩོན་ལེན་བྱེད་པར་ནུས་པ་འདོན་དགོས་པ་དང་། ནམ་ཞིག་ང་ཚོའི་རེ་བ་དེ་འགྲུབ་རྒྱུ་ཡིན་ལ། མོ་རང་ཨོ་སི་ཊོ་ལི་ཡའི་བུད་མེད་ཅིག་དང་གྲོས་ཚོགས་འཐུས་མི་ཞིག་གི་ངོས་ནས་བོད་དོན་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་བརྗོད་སོང་ལ། དེ་བཞིན་ཧྥ་རན་སིའི་གྲོས་ཚོགས་འཐུས་མི་ལྕམ་ཨི་ནེ་ཁི་བྷི་ལོན་(Annick Billon)ལགས་ནས་བོད་ཀྱི་བུད་མེད་ཉིན་མོར་བཅར་རྒྱུ་བྱུང་བར་དགའ་བོ་བྱུང་སྐོར་དང་། བོད་ཀྱི་བུད་མེད་ལྷན་ཚོགས་ནས་བུད་མེད་ཀྱི་ཐོབ་ཐང་སྲུང་སྐྱོབ་དང་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཐད་ཕྱག་ལས་ཧ་ཅང་ཡག་པོ་གནང་ཡོད་པ་དང་། ༧གོང་ས་མཆོག་ནས་གསུངས་པ་ལྟར་བུད་མེད་ནི་རང་བཞིན་གྱིས་བྱམས་དང་སྙི་རྗེ་ཆེན་པོ་ལྡན་པ་ཞིག་ཡིན་པས། བུད་མེད་ཀྱིས་སྣེ་འཁྲིད་ན་ཞི་བདེ་ཆེ་བ་ཡོང་རྒྱུ་ཡིན་སྐོར་དང་། ཧྥ་རན་སིས་ཕྱོགས་ནས་ནམ་ཡང་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་སོགས་བརྗོད་སོང་།

མཇུག་ཏུ་༧གོང་ས་མཆོག་ནས་བུད་མེད་ཉིན་མོ་དང་འབྲེལ་བའི་བཀའ་སློབ་གནང་སྐབས། དེ་རིང་བོད་ཀྱི་བུད་མེད་ཉིན་མོ་སྲུང་གཙི་ཞུ་ཡི་ཡོད་པ་དང་། ང་རང་ཚོ་ཕོ་མོ་སྐྱ་སེར་དབྱེ་བ་མེད་པ་སྤྱི་དང་། ལྷག་པར་དུ་བུད་མེད་རང་བཞིན་གྱི་ལུས་པོའི་གྲུབ་ཆར་བརྟེན་ནས་བྱམས་བརྩེའི་ནུས་པ་ཡོད་བསྡད་པ་དེ་སྤྱི་ཚོགས་ནང་ལོགས་ལ་སྤེལ་ཐུབ་པ་ཞིག་བྱེད་དགོས་བསམ་ནས་སྙིང་སྟོབས་སྐྱེད་དགོས་པ་རེད། ངས་རྟག་པར་ང་ལ་བྱམས་བརྩེའི་བསམ་བློ་ཏོག་ཙམ་ཡོད་ལ། བྱམས་བརྩེ་དེ་སྤྲོད་མཁན་སློབ་དཔོན་དང་པོ་དེ་ངའི་ཨ་མ་ལགས་ཡིན། ཨ་མ་ལགས་ཞེ་དྲགས་ཐུགས་སེམས་བཟང་པོ་ཡོད་པ་རེད། ཨ་མ་ཐུགས་སེམས་བཟང་པོ་ཞེ་དྲགས་ཤིག་གི་འཁྲིས་སུ་བསྡད་དེ་ཨ་མའི་འོ་མ་བཏུང་ནས་འཚར་ལོངས་བྱུང་བ་ཞིག་ཡིན་དུས། ངའི་བྱམས་བརྩེའི་བློ་ཡི་ས་བོན་དང་པོ་འདེབས་མཁན་དེ་ངའི་ཨ་མ་ལགས་ཆགས་བསྡད་ཡོད་པ་པས་ངའི་པ་ལགས་ཆགས་ཡོད་པ་མ་རེད། པ་ལགས་རླུང་ལངས་པོ་རེད། ང་ཆུང་ཆུང་ཡིན་དུས་པ་ལགས་ཀྱི་སྣང་བར་མ་འགྲོ་ན་ངའི་འགྲམ་པར་གཞུ་ཡི་ཡོད་པས་པ་ལགས་ལ་དགའ་བོ་ཅི་མེད། ང་ཨ་མ་ལགས་ལ་དགའ་བོ་ཞེ་དྲགས་ཡོད། དེ་འདྲ་ཡིན་དུས་ཆོས་ཀྱི་སྐད་ཆ་མ་རེད་རང་བཞིན་གྱི་མིའི་གཤིས་ཀར་ཨ་མ་ལགས་དེ་ཞེ་དྲགས་སེམས་བཟང་པོ་ཡོད་པ་དུད་འགྲོ་ལ་བལྟས་ནའང་ཤེས་ཀྱི་འདུག་གཱ། ཁྱི་དང་བྱ་བྱེའུ་དེ་ཚོའི་གྲས་ལ་ལྟོས་དང་། ཨ་མས་སོ་སོའི་ཕྲུ་གུས་རང་མགོ་མ་ཐོན་བར་དུ་ཞེ་དྲགས་ལྟ་ཡི་འདུག་གཱ། དེ་འདྲ་ཡིན་དུས། བུད་མེད་ཀྱི་བྱམས་བརྩེའི་ནུས་ཤུགས་དེ་གཞན་ལ་སྤེལ་ཐུབ་པར་ག་ཚོད་ཐུབ་ཐུབ་ཀྱིས་ཤུགས་རྒྱག་ཐུབ་ན་ཡག་པོ་ཡོང་གི་རེད། ཅེས་གསུངས་སོང་།

གཞུང་འབྲེལ་མཛད་སྒོ་གྲོལ་རྗེས། བོད་ཀྱི་བུད་མེད་ལྷན་ཚོགས་ནས་ཀ་ཅ་རི་བར་དུ་ཞི་རྒོལ་གོམ་བགྲོད་ཅིག་གོ་སྒྲིག་གནང་ཡོད་པ་དང་། བུད་མེད་སྒེར་ལངས་ཀྱི་ཉིན་མོ་འདི་དང་བསྟུན་བོད་ཀྱི་བུད་མེད་ལྷན་ཚོགས་ནས་བསྒྲགས་གཏམ་སྤེལ་བའི་ནང་། བཙན་བྱོལ་བོད་གཞུང་གིས་དང་ལེན་གནང་བའི་དབུ་མའི་ལམ་གྱི་ཐབས་ལམ་དེ་ལ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གདེང་འཇོག་ཞུས་བཞིན་ཐབས་ལམ་དེ་ནི་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་ཕན་རླབས་ཆེ་ཤོས་ཀྱི་ཐབས་ཉག་གཅིག་ཏུ་ངོས་འཛིན་ཞུས་ཀྱི་ཡོད། བོད་ཀྱི་བུད་མེད་ཀྱི་སྒེར་ལངས་ཐེངས་ ༥༨ ཐོག་ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི། འཛམ་གླིང་དབུ་འཁྲིད། རྒྱལ་སྤྱིའི་ཡུལ་གྲུ་ཁག་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ལ་གཤམ་གསལ་དགོས་འདུན་ཁག་ལྔ་ལ་རྒྱབ་སྐྱོར་གནང་རྒྱུ་ནན་སྐུལ་ཞུ་རྒྱུ་ཡིན།

༡༽རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ནས་རྒྱལ་ནག་གཞུང་ལ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་ལ་ཞུགས་རྒྱུར་གནོན་ཤུགས་སྤྲོད་རྒྱུའི་འབོད་སྐུལ་ཞུ་རྒྱུ།

༢༽རྒྱ་གཞུང་གི་ད་ཡོད་བོད་ནང་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་རིམ་པར་ལག་བསྟར་བྱས་པའི་ཉེར་ལེན་ལས་གཞིས་བཞུགས་སྤུན་ཟླ་ཚོས་འཚེ་མེད་ཞི་བའི་ཐབས་ལམ་ཁོ་ན་བརྒྱུད་ནས་རང་ལུས་མེར་བསྲེགས་དང་ངོ་རྒོལ་བར་མ་ཆད་དུ་བྱེད་བཞིན་ཡོད་པས་གདུག་རྩུབ་དང་དྲག་གནོན་གྱི་སྲིད་བྱུས་དེ་དག་ལ་བསྐྱར་ཞིབ་བྱ་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན།

༣༽ རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་ཚོགས་ཆུང་གིས་རྒྱ་གཞུང་ལ་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་གང་མགྱོགས་ཀློད་གྲོལ་གཏོང་བར་གནོན་ཤུགས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།

༤༽ ང་ཚོས་འཛམ་གླིང་དབུ་འཁྲིད་ཁག་ལ་རང་ལུས་མེར་སྲེག་གི་རྒྱུ་རྐྱེན་དུ་གྱུར་བའི་བོད་ཤར་ཕྱོགས་གསེར་རྟ་རྫོང་ཁོངས་སུ་ཡོད་པའི་བོད་ཀྱི་ཆོས་སྡེ་ཆེ་ཤོས་བླ་རུ་སྒར་དུ་གཏོར་བཤིག་བཅོས་བསྒྱུར་དེ་དག་མཚམས་འཇོག་ལག་ལེན་འཁྱོལ་བར་འབོད་སྐུལ་ཞུ་རྒྱུ་ཡིན།

༥༽ང་ཚོས་ཞི་ཅིན་ཕིན་ལ་བོད་ནང་གསར་འགོད་ཀྱི་རང་དབང་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༣/༡༣

Leave a Reply

One thought on “བོད་ཀྱི་བུད་མེད་ཉིན་མོ་གཞུང་འབྲེལ་སྲུང་གཙི་ཐེངས་དང་པོ་གནང་།

  1. བོད་ཀྱི་བུད་མེད་ཉིན་མོ་བསྲུང་བརྩི་ཐེངས་དང་པོ་ཞུས་ཐུབ་པར་དགའ་སྤྲོ་ཆེ་བ་དང་། བོད་ཀྱི་བེུད་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།།