བོད་གསུམ་པའི་ལོ་རྒྱུས་དཔེ་དེབ།

བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གིས་མི་འགྱངས་པར་ཐའེ་ཝན་དུ་དཔར་སྐྲུན་བྱ་འཆར་ཡོད་པའི་རྒྱ་རིགས་རྩོམ་པ་པོ་ལི་ཅང་ལིན་ལགས་ཀྱི་དཔེ་དེབ་༼སླར་ཡང་ཕེབས་པའི་སྤྱན་རས་གཟིགས། བོད་གསུམ་པའི་ལོ་རྒྱུས།༽ཞེས་པ་ངོ་སྤྲོད་གནང་།

636209298707310000སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། རྒྱ་རིགས་དང་འབྲེལ་ལམ་ཤུགས་ཆེར་གཏོང་དགོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་ཕྱོགས་སྲིད་བྱུས་ལ་བརྟེན་ཏེ། རྒྱ་རིགས་ཚོས་བོད་དོན་ལ་དོ་སྣང་བྱེད་ཤུགས་ཇེ་ཆེར་འགྲོ་བཞིན་པ་མ་ཟད། རྒྱ་ཡིག་ནང་བོད་དོན་སྐོར་རྩོམ་ཡིག་སྤེལ་མཁན་དང་། དེབ་འབྲི་མཁན་ཡང་ཇེ་མང་དུ་འགྲོ་བཞིན་པ་ལྟར། རྒྱ་རིགས་རྩོམ་པ་པོ་ལི་ཅང་ལིན་ Jianglin Li གྱིས་བྲིས་པའི་བོད་དོན་སྐོར་གྱི་དེབ་ <<སླར་ཡང་ཕེབས་པའི་སྤྱན་རས་གཟིགས། བོད་གསུམ་པའི་ལོ་རྒྱུས།>> ཞེས་པ་དེ་ཐེ་ཝན་ནང་ཡོད་པའི་ལན་ཅིང་ Linking དཔར་སྐྲུན་ཁང་ནས་ཕྱི་ཟླ་ ༢ ཚེས་ ༨ ཉིན་དངོས་སུ་དཔར་འགྲེམ་བྱ་འཆར་ཡོད་འདུག

<<སླར་ཡང་ཕེབས་པའི་སྤྱན་རས་གཟིགས། བོད་གསུམ་པའི་ལོ་རྒྱུས།>> ཞེས་པའི་རྒྱ་ཡིག་གི་དེབ་འདི་ནི། ལི་ཅང་ལིན་གྱིས་བྲིས་པའི་བོད་དོན་སྐོར་གྱི་དེབ་བཞི་པ་དེ་ཡིན་ཞིང་། དེ་ཡང་པར་སྐྲུན་གསལ་བཤད་དང་། སྔོན་གླེང་། (༡) དྷ་རམ་ས་ལར་བསྐྱོད་པ། (༢) རྡོ་ལ་རྡར་ Dalladhar རི་གཤམ་གྱི་གྲོང་གསེང་ཆུང་ཆུང་། (༣)ཧི་མ་ལ་ཡའི་རི་རྒྱུད་ལྷོ་ཕྱོགས་ཀྱི་གནས་མཆོག་ཅེས་པ་བཅས་ཁྱོན་ལེ་ཚན་ཆེ་བ་གསུམ་ལ་དབྱེ་ཡོད་པ་དེ་དག་གི་ནང་དུ། རྒྱ་རིགས་རྩོམ་པ་པོ་ཞིག་གི་མཐོང་ཐོས་མྱོང་གསུམ་གཞི་ལ་བཞག་སྟེ། ༧གོང་རྒྱལ་བ་རིན་པོ་ཆེ་མཆོག་དང་། བོད་མི་བཙན་བྱོལ་བ་རྣམས་ ༡༩༥༩ ལོར་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་མ་ཕེབས་ཀ་མེད་བྱུང་ནས་ད་བར་གྱི་གནས་ཚུལ་ལས་འཕྲོས་ཏེ། བཞུགས་སྒར་དྷ་རམ་ས་ལའི་ཕྱོགས་ཡོངས་ཀྱི་གནས་ཚུལ་དང་། བཞུགས་སྒར་དྷ་རམ་ས་ལ་ནི་བོད་མི་རིགས་ཀྱི་ངོ་བོ་སྟེ། ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་བསྟི་གནས་ཡིན་པའི་སྐོར་ཞིབ་བཀོད་བྱས་ཡོད་པ་རེད།

ལི་ཅང་ལིན་གྱིས་བྲིས་པའི་དེབ་གསུམ་པ་སྡུག་བསྔལ་ཁྲོད་ཀྱི་བོད་ Tibet in Agony ཞེས་པ་དེ་དབྱིན་ཡིག་ནང་བསྒྱུར་སྟེ་སྔ་ལོ་ཨ་རིའི་ནང་ཡོད་པའི་ HARVARD UNIVERSITY ཧ་ཕོ་ཀྲེ་གཙུག་ལག་སློབ་ཆེན་དཔར་སྐྲུན་ཁང་གིས་དཔར་སྐྲུན་བྱསཡོད་པ་དང་། ཁོང་གི་དེབ་གཉིས་པ་ལྕགས་བྱ་དགུང་དུ་འཕུར་བཞེས་པ་དང་། དེབ་གསུམ་པ་བོད་དུ་གསང་བའི་འགྲུལ་བཞུད་པ་དེ་གཉིས་རྒྱ་ཡིག་ནས་དབྱིན་ཡིག་ཏུ་སྒྱར་བཞིན་ཡོད་པ་རེད།

ལི་ཅང་ལིན་ནི་ཨ་རིར་ཞུགས་མཁན་རྒྱ་རིགས་རྩོམ་པ་པོ་ཞིག་ཡིན་པ་དང་། བཞུགས་སྒར་དྷ་རམ་ས་ལ་གཙོས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཐེངས་མང་པོར་བསྐྱོད་དེ་བོད་དང་འབྲེལ་བའི་དངོས་དོན་ཤེས་རྟོགས་དང་། ༧གོང་ས་མཆོག་དང་བོད་པའི་ལོ་རྒྱུས་མི་སྣ་ཁག་ལ་བཅར་འདྲི་སོགས་ཞུས་མྱོང་བ་མ་ཟད། སེམས་དང་སྲོག་གི་ཚོགས་འདུ་དང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་སོགས་བོད་དོན་དང་འབྲེལ་བའི་ཚོགས་འདུ་ཆེ་ཆུང་སྣ་ཚོགས་ལ་ཞུགས་མྱོང་ཡོད་པ་རེད།

བོད། བདེན་པ་གཞན་ཞིག》ཞེས་པ་དེ་ནི་ཁོང་གིས་བྲིས་པའི་བོད་དོན་སྐོར་གྱི་རྒྱ་ཡིག་དྲ་ཚིགས་ཡིན་པ་རེད།

“བོད་གསུམ་པའི་ལོ་རྒྱུས།” ཞེས་པའི་གོ་དོན་ནི། ཕྱི་ལོ་ ༡༩༥༩ ལོའི་གོང་གི་བོད་འདི་རྒྱ་ནག་གཞུང་གིས་འཇིགས་སུ་རུང་བ་ཞིག་ལ་འགྲེལ་བརྗོད་ཀྱིས་ [བོད་རྙིང་པ།] ཞེས་རྗོད་ཀྱིན་ཡོད་པ་དང་། རྒྱ་ནག་གཞུང་གིས་བཙན་བཟུང་གིས་གསར་བརྗེ་ཟེར་བ་བྱས་པའི་རྗེས་ཀྱི་བོད་ལ་[བོད་གསར་པ།]ཞེས་རྗོད་ཀྱིན་ཡོད། དེ་བཞིན། རྒྱ་གར་དྷ་རམ་ས་ལ་བརྒྱུད་དེ་འཛམ་གླིང་ཕྱོགས་སུ་བསྐྱོད་པའི་བོད་ལ [བོད་གསུམ་པ།] ཞེས་འགྲེལ་བརྗོད་བྱས་འདུག བོད་མིའི་ངོ་བོ་ངོ་མ་མཚོན་པའི་བོད་ཀྱི་ཆོས་དང་། རིག་གཞུང་སྲུང་སྐྱོབ་བྱེད་ས་གཙོ་བོ་ནི་བཞུགས་སྒར་དྷ་རམ་ས་ལ་ཡིན་པར་ངོས་འཛིན་བྱས་འདུག

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply