བོད་ཐོག་ཁྲོས་ཀྱང་རྒྱལ་སྤྱིར་སྡིཊ་ས་མེད།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༧༢༣ སྟེང་གི་རྩོམ་སྒྲིག་པའི་གཏམ།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་སུད་སིར་རྒྱལ་སྤྱིའི་ཚོང་དོན་ཚོགས་འདུ་ཞིག་ལ་བཅར་སྐབས། སུད་སིར་སྡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་བྱས། གནས་ཚུལ་དེ་རྒྱལ་སྤྱིའི་གསར་ལམ་ཆེ་རུ་ཆེ་ཚད་ཀྱི་མདུན་ངོས་སུ་བསླེབས། ད་དུང་ཁ་བྱང་ལ་ཞི་ཅིན་ཕིན་གྱི་བགྲོད་ལམ་སྟེང་གི་རང་དབང་གི་འབོད་སྒྲ་དང་། འཛམ་གླིང་མི་མང་བོད་པའི་རྒྱབ་ཏུ་ལངས་ཟེར་བ་སོགས་བཀོད། གནས་ཚུལ་འདི་དང་འབྲེལ་ཏེ་རླུང་འཕྲིན་དང་བརྙན་འཕྲིན་ཁག་ནང་བོད་དོན་དང་། བོད་པའི་ལོ་རྒྱུས་ལ་དཔྱད་གླེང་ཤུགས་ཆེན་བྱས། ཕྱི་རྒྱལ་ཁག་གི་བོད་པ་ཚོའི་སྐད་སྒྲ་ཇེ་ཆེ་ནས་ཇེ་རྣོ་རེད། ན་ནིང་ཨོ་གླིང་རྒྱལ་ནག་གཞུང་ཚབ་མདུན་གྱི་རྒྱ་གར་ཕབ་སོང་།

འདི་ལ་བཟང་ཕྱོགས་ཀྱི་ནུས་པ་འཐོན་རྒྱུ་ཡིན་ནམ། སྡུག་ཕྱོགས་ཀྱི་ནུས་པ་འཐོན་རྒྱུ་ཡིན་ཚོད་དཔག་བྱེད་དཀའ་ཡང་། རྒྱ་གར་ནང་ནས་སྐད་འབོད་བརྒྱབ་སྟེ་ཡུལ་མི་ཚོར་སུན་པོ་བཟོ་བ་ལས། ཡུ་རོབ་དང་ཨ་རི་སོགས་ནས་བོད་དོན་ལས་འགུལ་སྤེལ་ན་ཁྱབ་བསྒྲགས་འགྲོ་བ་མངོན་གསལ་རེད། མི་འགའ་རེས་རྒྱ་ནག་གི་དཔོན་རིགས་ཚོའི་མདུན་དུ་བོད་པ་ཚོས་ངོ་རྒོལ་བྱས་ཏེ་ཁོང་ཁྲོ་བསླངས་ན། བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་གཏོང་བ་ལས་བོད་དོན་འགྲིག་འཇགས་ལ་ཕན་ཐོགས་མེད་ཟེར། ཡང་ལ་ལས་ཁོ་ཚོར་སུན་པོ་དང་ངོ་ཚ་ཁ་སྐྱེངས་བཟོས་ན། ནམ་ཞིག་བོད་དོན་ལ་ལག་པ་མི་འཆིང་ཐབས་མེད་རེད་ཟེར།

བརྒྱད་ཅུ་གྱ་གྲངས་ནང་བོད་རྒྱའི་འབྲེལ་གཏུག་རིམ་པའི་སྐབས་ཤིག པཎ་ཆེན་རིན་པོ་ཆེ་མཆོག་གིས་ ‘ད་མུས་བཞིན་འབྲེལ་བ་བྱེད་རྒྱུ་ཡག་པོ་རེད། བར་ལམ་ཁྱེད་རང་ཚོས་ཕྱི་རོལ་ལ་ཀྲུང་དབྱང་ལ་ངོ་རྒོལ་གྱི་ལས་འགུལ་བྱེད་པ་དེ་ཡག་པོ་མ་རེད། གང་ཡིན་ཟེར་ན། རྒྱ་མིའི་མགོ་འཁྲིད་ཀྱི་ནང་དུ་ཏཱ་ལའི་བླ་མ་དང་འབྲེལ་བ་བྱས་ན་ཡག་པོ་ཡོད་པར་ངོས་འཛིན་མཁན་ཁག་ཅིག་དང་། འབྲེལ་བ་མི་བྱེད་མཁན་ཁག་ཅིག་ཡོད། དེ་འདྲ་ཡིན་སྟབས་ཁྱད་རང་ཚོས་ཕྱི་རོལ་ནས་ཀྲུང་དབྱང་གི་སྐུ་ཚབ་ལ་ངོ་རྒོལ་ལས་འགུལ་བྱས་རྐྱེན་ཏཱ་ལའི་བླ་མ་དང་འབྲེལ་བ་བྱེད་མཁན་ཚོ་ལ་ཕམ་ཉེས་བྱུང་བ་དང་། འབྲེལ་བ་མི་བྱེད་ཟེར་མཁན་རྣམས་ལ་རྒྱལ་ཁ་འཐོབ་ཀྱི་ཡོད་པ་རེད། གནད་དོན་དེ་ཁྱད་རང་ཚོས་བསམ་བློ་ཡག་པོ་གཏོང་དགོས་པ་གལ་ཆེན་པོ་རེད།’ ཅེས་གསུངས་འདུག

ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། ལོ་ངོ་སུམ་ཅུའི་སྔོན་དང་ད་ལྟ་མི་འདྲ་ལ། སྒོ་བརྒྱབ་པའི་རྒྱ་ནག་པེ་ཅིན་གྱི་ས་གཞིའི་ཚོར་བ་དང་། སྒོ་ཕྱེ་བའི་རང་དབང་དམངས་གཙོའི་ནམ་མཁའི་མཐོང་སྣང་ཡང་མི་གཅིག དུས་རབས་ཕྱེད་ཀའི་སྔོན་ལ་རྒྱ་གར་གྱི་བདག་ཉིད་ཆེན་པོ་གྷན་དྷི་ཡིས་བདེན་དོན་འཐབ་རྩོད་ཀྱི་ལམ་ཁ་གཉིས་བསྟན་ཡོད་པ་ལས་གཅིག་དགག་ཕྱོགས་ངོ་རྒོལ་གྱི་ལས་འགུལ་འདི་རེད། མི་མང་གི་སྐད་འབོད་ཁྲོམ་སྐོར་དང་ཞི་བའི་གོམ་བགྲོད། ཟས་བཅད་ངོ་རྒོལ་སོགས་ཀྱི་ནུས་པར་སྔགས་བརྗོད་མཛད་ཡོད། དེ་བཞིན་སྐབས་སྔོན་མའི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཀྱང་གྷན་དྷིའི་ལམ་སྟོན་དེ་བོད་པ་ཚོར་བསྐྱར་དུ་དྲན་སྐུལ་གནང་ཡོད།

མདོ་དོན། བོད་པའི་ངོ་རྒོལ་ལ་རྒྱ་དཔོན་ཚོ་ཁོང་ཁྲོ་ཟོས་ན་བོད་ཐོག་ལ་རླུང་སྟོན་ས་ཡོད་ཀྱང་། རྒྱལ་སྤྱིའི་ཁ་རྡུང་ལ་རྒྱ་དཔོན་ཚོ་ངོ་ཚ་ན་རྒྱལ་སྤྱིའི་ཐོག་མཛུབ་མོ་ཀེར་ས་མེད། ང་ཚོས་བཟོད་སྒོམ་དང་སྡུག་སྲན་བྱས་ན་རྒྱ་ནག་གིས་ང་ཚོར་གུ་ཡངས་དང་བསམ་ཤེས་བྱས་ཏེ་བོད་དོན་བསྒྲུབ་ཨ་ཡོང་གི་རེ་བ་ལས། རྒྱལ་སྤྱིའི་ཁ་རྡུང་དང་གནོན་ཤུགས་སྤྲད་ན་རྒྱ་ནག་ཨ་ཆད་དེ་བོད་དོན་བསྐྱུར་མི་འཇོག་པའི་རེ་བ་ཆེ་སྟབས། གཡོ་འཁྱོམ་ཆེ་བའི་གོ་ལའི་ཤིང་རྟ་ཆེན་མོའི་འཁོར་སྐྱོད་ཁྲོད། བོད་པས་བོད་པ་བཟོ་རྒྱུ་དང་བོད་མིས་བོད་ངོ་ཤེས་རྒྱུ་དང་པོ་ཡིན་ལ། རྒྱ་ནག་ལྕགས་རི་ལས་བརྒལ་ཞིང་ཉི་མའི་ཁྱིམ་རྒྱུད་ལས་གདལ་བའི་བརྡ་འཕྲིན་དུས་རབས་འདིར་འཚེ་མེད་ཞི་བའི་ལས་འགུལ་སྤེལ་རྒྱུ་དང་། མི་ཆོས་ཀུན་སྤྱོད་དང་བོད་པའི་ལུགས་སྲོལ། རྒྱལ་སྤྱིའི་ཁྲིམས་ལུགས་སོགས་ཀྱི་ཐོག་ནས་བདེན་པ་བརྡར་རྒྱུ་གལ་ཆེའོ།།

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply