བོད་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་གང་མགྱོགས་བཟོ་རྒྱུ་རེད།

རྒྱ་ནག་གིས་མགོ་ཁྲིད་པའི་དར་གོས་ཚོང་ལམ་ཚོགས་འདུའི་སྟེང་བལ་གཞུང་མཉམ་ཞུགས་བྱས་ཏེ་ཨ་སྒོར་ཐེར་འབུམ་ ༨ ལྷག་གི་འགྲོ་གྲོན་བཏང་སྟེ་བོད་ནས་བལ་ཡུལ་རྒྱལ་སའི་བར་མེ་འཁོར་ལྕགས་ལམ་བཟོ་རྒྱུའི་ཐག་གཅོད།

ཁ་སང་རྒྱ་གར་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། བལ་ཡུལ་དཔལ་འབྱོར་བློན་ཆེན་གྱི་དྲུང་ཆེ་ཡཱུག་རཱཇ་པན་ཌེ་(Yug Raj Pandey)ལགས་ཀྱིས་བོད་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་རིང་ཚད་སྤྱི་ལེ་ ༥༥༠ ཅན་ཞིག་རྒྱག་འཆར་ཡོད་ཚུལ་བརྗོད་ཡོད་པ་མ་ཟད། འཆར་གཞི་དེ་ལེགས་འགྲུབ་བྱུང་ན་རྒྱ་བལ་བར་ཚོང་འབྲེལ་ཤུགས་ཆེ་རུ་འགྲོ་བ་དང་། བོད་དང་བལ་ཡུལ་བར་འགྲིམ་འགྲུལ་བྱེད་མཁན་དང་ཡུལ་སྐོར་སྤྲོ་འཆམ་པ་སོགས་ལའང་ཕན་ཐོགས་ཆེན་པོ་ཡོད་ཚུལ་བརྗོད་འདུག

རྒྱ་ནག་གིས་མགོ་ཁྲིད་པའི་རྒྱུད་གཅིག་ལམ་གཅིག་གི་ཚོང་ལམ་གསར་པའི་ཚོགས་འདུ་དེར་བལ་ཡུལ་གཞུང་མཉམ་ཞུགས་བྱས་ཡོད་པ་མ་ཟད། མ་འོངས་པར་ལས་གཞི་དེའི་ནང་མཉམ་ཞུགས་བྱ་རྒྱུའི་མིང་རྟགས་ཀྱང་བཀོད་ཡོད་འདུག

ཁ་སང་བལ་ཡུལ་དཔལ་འབྱོར་བློན་ཆེན་གྱིས་བོད་དང་བལ་ཡུལ་བར་གྱི་ལྕགས་ལམ་དེ་ནི་དར་གོས་ཚོང་ལམ་གསར་པའི་ཆ་ཤས་ཤིག་ཆགས་ངེས་ཡིན་ཚུལ་དང་། ལས་གཞི་དེའི་སྐོར་ལ་རྒྱ་ནག་དང་བོད་པའི་མགོ་ཁྲིད་ཚོ་དང་གྲོས་མོལ་བྱས་དང་བྱེད་བཞིན་ཡོད་ཅིང་། ཚོད་དཔག་བྱས་ན་ལྕགས་ལམ་དེའི་འགྲོ་གྲོན་ཨ་སྒོར་ཐེར་འབུམ་ ༨ ལྷག་ལ་གནས་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

དྲུང་ཆེ་པན་ཌེ་ཡིས་བརྗོད་པ་ལྟར་ན། འདས་པའི་ཟླ་བ་ ༥ གོང་ནས་རྒྱ་བལ་མགོ་ཁྲིད་ཚོའི་བར་ལས་གཞི་དེའི་སྐོར་ལ་གྲོས་བསྡུར་བྱས་ཡོད་པ་དང་། ལས་གཞི་དེ་དངོས་སུ་མགོ་འཛུགས་བྱས་ཏེ་མཐའ་མའི་ལེགས་འགྲུབ་བར་ལོ་ ༨ ཙམ་འགོར་རྒྱུ་ཡིན་པ་དང་། གང་མགྱོགས་འཆར་གཞི་ཞིབ་ཚགས་མགོ་འཛུགས་གྲབས་ཡོད་པ་དང་། འཆར་གཞི་ཡོངས་སུ་བཟོས་ཚར་རྗེས་མ་དངུལ་ཅི་ཙམ་གཏོང་དགོས་མིན་ཐག་གཅོད་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

རྒྱ་ནག་དང་བལ་ཡུལ་བར་གྱི་མེ་འཁོར་ལྕགས་ལམ་དེའི་རིང་ཚད་སྤྱི་ལེ་ ༥༥༠ ཙམ་ཡིན་པ་དང་། དེ་ལས་སྤྱི་ལེ་ ༤༠༠ ནི་བོད་ཀྱི་ས་ཐོག་ཏུ་ཁེལ་གྱི་ཡོད་ཅིང་། སྤྱི་ལེ་ ༡༥༠ ཙམ་ས་མཚམས་ནས་བལ་ཡུལ་རྒྱལ་ས་ཀ་ཐ་མན་ཌུ་བར་ཆགས་ཡོད་འདུག

ལྕགས་ལམ་ལས་གཞི་དེ་ན་ནིང་རྒྱ་ནག་གིས་ངོས་ལེན་བྱས་ཡོད་པ་དང་། སྐབས་དེར་རྒྱ་གར་གྱིས་ད་སྔ་བལ་ཡུལ་གྱི་དཔལ་འབྱོར་ཙམ་མིན་པར། ཕྱོགས་གང་ཐད་ནས་རྒྱ་གར་ལ་བརྟེན་ཡོད་པ་རྣམས་མ་འོངས་པར་རྒྱ་ནག་ལ་ཁ་བསྒྱུར་ཏེ། བལ་ཡུལ་ནང་རྒྱ་ནག་གི་ཤུགས་རྐྱེན་སྤྲོད་ཐབས་ཤིག་ཡིན་སྐོར་བརྗོད་དེ་མ་དགའ་བའི་རྣམ་འགྱུར་བསྟན་ཡོད།

གསར་འགོད་པ་ཚོས་དྲུང་ཆེ་པན་ཌེ་ལ་རྒྱ་གར་གཞུང་གིས་རྒྱ་ནག་གི་དར་གོས་ཚོང་ལམ་གསར་པ་འདི་དང་། དམིགས་བསལ་པ་ཀི་སི་ཐན་ནང་རྒྱ་ནག་གིས་ཚོང་གི་སྡིངས་ཆ་གསར་བཟོ་བྱེད་བཞིན་པར་ངོ་རྒོལ་བྱེད་བཞིན་པ་དེའི་སྐོར་དྲིས་པར་ལན་འདེབས་བྱས་མི་འདུག

དྲུང་ཆེ་པན་ཌེ་ཡིས། “ད་ལྟ་རྒྱ་བལ་གཉིས་ཀྱི་ལས་གཞི་གལ་ཆེ་ཤོས་དེ་མེ་འཁོར་ལྕགས་ལམ་གྱི་ལས་གཞི་དེ་ཡིན་པ་དང་། མ་འོངས་པར་ཆུ་གློག་གི་ལས་གཞི་ཞིག་ཀྱང་མགོ་འཛུགས་འཆར་ཡོད་སྟབས། དེ་ནི་ལས་གཞི་གལ་ཆེན་གཉིས་པ་དེ་ཆགས་ངེས་རེད།” ཅེས་བརྗོད་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཨུ་ཚུགས་མཐར་སྐྱེལ་བྱས་ཏེ། ༢༠༡༢ ལོར་ཨ་སྒོར་ཐེར་འབུམ་མང་པོའི་ལས་གཞི་དར་གོས་ཚོང་ལམ་གསར་པ་དེ་མགོ་འཛུགས་བྱ་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་དང་། ལས་གཞི་དེས་གླིང་ཆེན་ཨེ་ཤ་ཡ་ནས་ཨ་ཧྥི་རི་ཁ་དང་། ཨ་ཧྥི་རི་ཁ་ནས་ཡུ་རོབ་སོགས་སྐེ་རགས་ཀྱིས་བཅིངས་པ་ལྟར་འབྲེལ་མཐུད་བྱེད་འཆར་ཡོད་སྟབས། ཚོང་འབྲེལ་ལས་གཞི་དེའི་མིང་ལ་’སྐེ་རགས་ཁྲོམ་ལམ་’(Belt and Road Forum)ཞེས་བཏགས་ཡོད་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༥/༡༥

Leave a Reply

One thought on “བོད་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་གང་མགྱོགས་བཟོ་རྒྱུ་རེད།

  1. གནས་ཚུལ་འདིའི་སྐོར་གྱི་བོད་ནང་གི་གསར་འགྱུར།

    བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཉེ་ལམ་ཀྲུང་གོ་གསར་འགྱུར་དྲ་བས་བཅར་འདྲི་ལ་དང་ལེན་བྱེད་སྐབས། སྐམ་སའི་ལམ་དྲ་དང་གློག་དྲ། འཕྲིན་དྲ་གསུམ་འཛུགས་སྐྲུན་ལ་བརྟེན་ན་བོད་ལྗོངས་དེ་འཛམ་གླིང་གི་ཕྱོགས་སུ་མྱུར་དུ་བསྐྱོད་ཐུབ་པས། ཀྲུང་གོ་དང་བལ་བོ་གཉིས་ཀྱིས་ད་ཆ་འབྲེལ་ཡོད་རྣམ་གྲངས་ལས་ཁག་ཅིག་དོན་འཁྱོལ་བྱས་ནས་བོད་ལྗོངས་དེ་ཉིད་ཁུལ་གཅིག་ལམ་གཅིག་གི་འཆར་འགོད་ནང་འཇོག་པའི་གྲོས་འགོ་བཏོན་ཐོག ཨེ་ཤ་ཡ་ལྷོ་མའི་ལམ་ཆེན་འདིང་བ་དེ་ལག་ལེན་དངོས་ལ་འདེབས་རྒྱུ་སྐོར་བསྟན་བྱུང་།
    ༢༠༡༥ལོར་ཀྲུང་དབྱང་གིས་དར་གོས་ཚོང་ལམ་གྱི་དཔལ་འབྱོར་ཁུལ་མཉམ་བསྐྲུན་དང་དུས་རབས༢༡པའི་མཚོ་ཐོག་དར་གོས་ཚོང་ལམ་གྱི་འདུན་པ་དང་འགུལ་སྐྱོད་ལ་སྐུལ་སྤེལ་ཞེས་པའི་ཡིག་ཆ་བཀྲམས་ནས་བོད་ལྗོངས་ཉིད་དར་གོས་ཚོང་ལམ་གྱི་དཔལ་འབྱོར་ཁུལ་གྲས་སུ་ལེན་རྒྱུའི་གྲོས་འགོ་སྤྱི་བཀོད་སྒྲིག་བྱས་པ་དང་། བོད་ལྗོངས་ལ་མཚོན་ན་ཀྲུང་གོའི་ནང་ལོགས་དང་ཨེ་ཤ་ཡ་ལྷོ་མའི་ས་ཁུལ་བར་ས་བབ་ཀྱིས་དགེ་མཚན་ཆེན་པོ་ལྡན་ཕྱིར་ཕྱི་ནང་གཉིས་ཀའི་སྒོ་འབྱེད་ལ་བར་སྟོང་ཆེན་པོ་ཞིག་མྱུར་དུ་མཁོ་འདོན་བྱེད་ཐུབ།
    ཆེ་དགྲ་ལྷས་འདི་སྐད། རྒྱལ་ཁབ་ཀྱིས་བོད་ལྗོངས་འཛུགས་སྐྲུན་དེ་ཉིད་ཨེ་ཤ་ཡ་ལྷོ་མའི་ཕྱོགས་སུ་སྒོ་འབྱེད་པའི་བགྲོད་ལམ་གལ་ཆེན་ཏུ་རྩིས་པ་ནི་ཁུལ་གཅིག་ལམ་གཅིག་གི་གྲོས་འགོ་བཏོན་པའི་ནང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། བོད་ལྗོངས་གསར་སྤེལ་དང་སྒོ་འབྱེད། གོང་སྤེལ་ཆེན་པོ་གཏང་བའི་རེ་བ་དང་གོ་སྐབས་ཤིག་ཀྱང་ཡིན་པས། ང་ཚོ་ལའང་མཐའ་འཁོར་གྱི་རྒྱལ་ཁབ་བར་སྒྲིག་ཆས་དང་། ཉོ་ཚོང་ཐད་ནས་འབྲེལ་འདྲིས་དང་། སྲིད་ཇུས་དང་རིག་གནས་ཀྱི་ཆ་ནས་མང་ཚོགས་བར་འབྲེལ་འདྲིས་བཅས་ཕྱོགས་མང་བོ་ནས་འབྲེལ་བ་འཛུགས་ཐུབ་པའི་ནུས་པ་ཡོད་དགོས་པའི་བླང་བྱ་བཏོན་ཡོད།
    བོད་ལྗོངས་ཀྱི་སྤྱི་ལེ་གྲུ་བཞི་མ་ཁྲི༡༢༠ལྷག་གི་སའི་ཁྱོན་དེ་བལ་བོ་དང་འབྲུལ་ཡུལ། རྒྱ་གར། འབར་མ་སོགས་རྒྱལ་ཁབ་ཁག་ལ་འབྲེལ་ཡོད་པ་དང་། མཐའ་མཚམས་ཀྱི་རིང་ཚད་ལེ་དབར་༤༠༠༠ཡོད་པས་ལོ་རྒྱུས་ཐོག་ ཀྲུང་གོ་དང་ཨེ་ཤ་ཡ་ལྷོ་མའི་རྒྱལ་ཁབ་ཁག་བར་འབྲེལ་འདྲིས་ལ་མེད་དུ་མི་རུང་བའི་སྒོ་མོ་གལ་ཆེན་དུ་གྱུར་ཡོད། ཆེ་དགྲ་ལྷས་འདི་སྐད། བོད་ལྗོངས་ཀྱིས་ཕྱིའི་རྒྱལ་ཁབ་བར་མཉམ་འབྲེལ་མཉམ་གྲོས་ལ་ཤུགས་བསྣན་ནས་མཐའ་མཚམས་ཀྱི་སྐྱིད་གྲོང་དང་། གྲོ་མོ། སྤུ་ཧྲེང་སོགས་ཀྱི་འགག་སྒོ་གོ་རིམ་བཞིན་ཕྱེས་པ་དང་ཆབས་ཅིག་ཏུ་ལྷ་ས་གྲོང་ཁྱེར་དང་གཞིས་ཀ་རྩེ་གྲོང་ཁྱེར་དུ་འཚོལ་ཞིབ་སྔོན་དུ་བཏང་ནས་ཕྱོགས་བསྡུས་དཔྱ་ཁྲལ་ཆག་ཡང་ཁུལ་(དཔྱ་ཁྲལ་ཚོང་ཟོག་འཁོར་རྒྱུག་ཁུལ)བཙུགས་པ་དང་། ཕྱི་ཕྱོགས་ཉོ་ཚོང་གི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་འཐུས་ཚང་དུ་བཏང་ནས་ཉོ་ཚོང་ལ་སྟབས་བདེ་བཟོས།
    བོད་ལྗོངས་ཀྱི་མཁའ་ལམ་ཐོག་མ་མཚོ་བོད་ལྕགས་ལམ་དེ་ད་ལྟར་གཞིས་ཀ་རྩེ་བར་བསྐྱངས་ཡོད་པས་རྒྱལ་ཁོངས་བརྒལ་བའི་ལྕགས་ལམ་འཛུགས་སྐྲུན་ལ་རྨང་བཏིངས་ཡོད། ད་སྔ་ཀྲུང་བལ་ལྕགས་ལམ་སྟེ་གཞིས་ཀ་རྩེ་ནས་སྐྱིད་གྲོང་བར་དང་། གཞིས་ཀ་རྩེ་ནས་གྲོ་མོ་བར་གྱི་ལྕགས་ལམ་འདིང་སྒང་ཡིན་པ་དང་། དེ་དང་མཉམ་དུ་ཁྲོན་བོད་དང་། ཡུན་བོད་ལྕགས་ལམ་ཡང་འདིང་སྒང་རེད། ཆེ་དགྲ་ལྷས་འདི་སྐད། ཁྲོན་བོད་ལྕགས་ལམ་ལེགས་འགྲུབ་བྱུང་རྗེས་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གྱི་བཀག་རྡོ་དང་འགག་རྩ་དེ་མེད་པར་བཏང་ནས་བོད་ལྗོངས་དེ་འབྲི་ཆུའི་དཔལ་འབྱོར་ཁུལ་དང་ཐད་ཀར་སྦྲེལ་ཐུབ་པ་དང་། ཀྲུང་གོ་ནས་ཨེ་ཤ་ལྷོ་མའི་བར་གྱི་སྐམ་ལམ་ཡང་གཞི་ནས་ཆགས་ཐུབ་ཅེས་ངོ་སྤྲོད་གནང་བྱུང་། ཡང་ཁོང་གིས་རྒྱལ་ཁབ་ཀྱིས་བོད་ལྗོངས་དེ་གཙང་སེལ་ནུས་ཁུངས་ཀྱི་རྟེན་གཞི་བཞག་པའི་ངོར་ད་ཆ་ཁྲོན་བོད་མཉམ་འབྲེལ་དྲ་སྦྲེལ་ལ་སྐུལ་སྤེལ་བྱེད་སྒང་གི་གནས་ཚུལ་ལ་གཞིགས་ནས་འདི་སྐད། ནུས་ཁུངས་དྲ་རྒྱའི་སྒྲོམ་གཞི་ལེགས་འགྲུབ་བྱུང་རྗེས་གཙང་སེལ་ནུས་ཁུངས་དེ་གཞིས་ཀ་རྩེ་བརྒྱུད་བལ་བོར་འདྲེན་ཐུབ་པས་ཨེ་ཤ་ཡ་ལྷོ་མའི་ནུས་ཁུངས་མི་འདང་བའི་ཆ་དེ་ལ་ཁ་གསབ་བྱེད་ཐུབ་པ་དང་། དེ་བར་དུ་གློག་འཕྲིན་སྦྲེལ་ལམ་གྱིས་ཁུལ་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལ་ཕན་ནུས་གལ་ཆེན་འདོན་ཐུབ། འཕྲིན་དྲ་ནི་ས་མཐོ་ལ་སོགས་རྐྱེན་དེ་དག་ལ་འཛེམ་མི་དགོས་པར་ཧི་མ་ལ་ཡའི་རི་རྒྱུད་ལས་སླ་བོར་བརྒལ་ཐུབ་པའི་རྐྱེན་གྱིས་བོད་ལྗོངས་ཀྱིས་ཨེ་ཤ་ཡ་ལྷོ་མའི་བར་ལམ་ཆེན་འདིང་བ་དང་། ཧི་མ་ལ་ཡར་བསྐོར་བའི་དཔལ་འབྱོར་ཁུལ་བཏོད་དུས་དྲ་སྦྲེལ་དེ་དག་བེད་སྤྱོད་གཏང་བ་ཡིན། ད་སྔ་ང་ཚོས་ཀྲུང་བལ་མཐའ་མཚམས་བརྒལ་བའི་འོད་སྐུད་སོགས་བརྡ་འཕྲིན་སྐུད་ལམ་འཐེན་སྒང་ཡིན་ཟེར།

    པར་རིས་རྒྱུ་ཆ་འདི་ནི་བོད་ལྗོངས་ལྷ་སར་ཉི་འོད་རབ་ཏུ་འཕྲོ་ཞིང་། ཡུལ་མི་དང་ཡུལ་སྐོར་བ་བར་སྐོར་གྱི་གླིང་དེ་ན་གཟའ་ཉི་མ་རོལ་བཞིན་ཡོད། སྐོར་ལམ་འདི་ནི་ལྷ་སའི་གྲོང་རྙིང་ཁུལ་གྱི་ཁང་པ་རྙིང་བའི་མཚོན་བྱེད་ཡིན་ཞིང་། སོ་སོར་བོད་པའི་ཚོང་རྫས་སྣ་ཚོགས་བཤམས་འདུག་ལ། ཡུལ་སྐོར་བ་རྣམས་དེ་ལ་ཧ་ཅང་དགའ་བོ་ཡོད།
    ཆེ་དགྲ་ལྷས་བར་སྐོར་གླིང་དཔེར་དྲངས་ནས་གསར་འགོད་པར་འདི་སྐད། ད་ཆ་བར་སྐོར་གླིང་དུ་དེང་གི་སྟབས་བདེ་ཟས་རིགས་ལ་མྱོང་ཐུབ་པ་མ་ཟད། བོད་ཀྱི་ཇ་མངར་མོ་དང་། བོད་ཐུག་ལ་རོལ་མྱོང་བྱེད་ཐུབ། ཐང་ག་དང་བོད་ཀྱི་སྲོལ་རྒྱུན་གྱོན་ཆས་དང་རྒྱན་ཆའི་ཚོང་ཁང་། བལ་བོའི་ཁུག་མ་དང་དུས་ཚོད། སིལ་ཟས་སོགས་ཀྱི་སྣ་འདུས་ཚོང་ཁང་སོགས་མང་པོ་ཡོད་ཅིང་། ཚོང་རྫས་དེ་དག་ཉོ་ཚོང་གི་གོ་རིམ་ནི་རིག་གནས་མི་འདྲ་བའི་འབྲེལ་འདྲིས་དང་དེང་རབས་ཅན་འགྱུར་གྱི་བརྒྱུད་རིམ་ཞིག་ཡིན་པས། བོད་ལྗོངས་ཀྱིས་ཕྱིའི་དངོས་པོ་དང་རིག་གནས་ནང་འདྲེན་བྱེད་ཐུབ་ཡོད་པ་མ་ཟད། རང་ཉིད་ཀྱི་སྲོལ་རྒྱུན་རིག་གནས་དེ་ཡང་རྒྱུད་འཛིན་ལེགས་པོ་བྱེད་ཐུབ་ཡོད་ཟེར།
    ཆེ་དགྲ་ལྷས་ཧྲེན་ཀྲེན་གྱིས་རོགས་བསྐྲུན་བྱས་པའི་བོད་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་གི་བཤམས་སྟོན་ཁང་ཞིག་སང་ལོར་འགྲུབ་འཆར་ཡོད་པ་དེ་དམིགས་སུ་བཀར་བསྟན་དོན། བཤམས་སྟོན་ཁང་དེ་ནི་གཟུགས་འདས་ཤུལ་བཞག་གི་ཐོན་རྫས་གསར་སྤེལ་དང་རྒྱུད་འཛིན། ཁྱབ་ཆེར་གཏོང་བར་བེད་སྤྱོད་གཏང་རྒྱུ་ཡིན་པས། ལས་སྒོ་གཉེར་དུས་སུ་ཁྲོམ་རར་མཉམ་འབྲེལ་དང་ཁྲོམ་རའི་འདེགས་སྐྱོར་ལ་བརྟེན་ནས་གཟུགས་འདས་ཤུལ་བཞག་གི་ཐོན་རྫས་ལ་གསོན་ཤུགས་བསྐྱེད་དགོས། བོད་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་གི་རྣམ་གྲངས་ཁ་ཅིག་ཅུང་ཉམས་ཞེན་ལ་ཁྲོམ་རའི་ཁྱད་ཆོས་དེ་འདྲའི་མངོན་གསལ་མིན་སྟབས། སྲིད་གཞུང་གིས་དེ་དག་ལ་ཁྲིད་སྟོན་དང་སྐྱེད་སྲིང་། རྒྱབ་སྐྱོར་བྱེད་རྒྱུ་ཡིན་པས། རིག་གནས་འདི་ཉམས་མི་སྲིད་ལ་རྗེས་སུའང་ལུས་མི་སྲིད་པའི་གསོན་ཤུགས་གསར་བ་ཅིས་ཀྱང་རྒྱས་ཆོག་ཆོག་ཡིན། ད་སྔ་ཀྲུང་གོ་དཔལ་འབྱོར་དང་ཨེ་ཤ་ཡ་ལྷོ་མའི་རྒྱལ་ཁབ་ཁག་གི་ཕན་ཚུན་ཆད་གསབ་ཀྱི་དགོས་མཁོ་ཇེ་ཆེར་སོང་ཡོད་པས་གོང་སྤེལ་གྱི་བར་སྟོང་ཤིན་ཏུ་ཆེ། ཀྲུང་དབྱང་གི་ཁུལ་གཅིག་ལམ་གཅིག་གི་གྲོས་འགོ་ནི་ཀྲུང་གོའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྔོན་འགྲོའི་འཐབ་ཇུས་ཡིན་ཞིང་། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་ལ་འཕེལ་རྒྱས་ཀྱི་བར་སྟོང་ཆེན་པོ་ཞིག་མཁོ་འདོན་བྱས་ནས་བོད་ལྗོངས་དེ་ཉིད་འཛམ་གླིང་གི་གྲས་སུ་འཇུག་པར་རོགས་བྱས་ཡོད་ཟེར།