བོད་པ་དང་བོད་དོན་རྒྱབ་སྐྱོར་བའི་འཐབ་ཇུས།

ཝན་ཁཱ་ཊར་མེན་གྱིས་བརྩམས། སངས་རྒྱས་དཀོན་མཆོག་གིས་བསྒྱུར།

འཛམ་གླིང་གི་མི་མང་པོ་ཞིག་དང་། ལྷག་པར་དུ་གཞོན་སྐྱེས་མི་རབས་གསར་པ་ཚོས་བོད་ཀྱི་ལོ་རྒྱུས་དང་ཆོས་དང་རིག་གནས་དེ་རྒྱ་ནག་གིས་རྩ་གཏོར་གཏོང་བཞིན་པ་ཚོར་གྱི་མེད་ལ། དེའི་སྐོར་ནས་བཤད་དགོས་ནའང་གསལ་བོ་ཞིག་ཧ་གོ་ཡི་ཡོད་པ་མ་རེད།

རྒྱ་ནག་གིས་མི་ལོ་དྲུག་ཅུ་ལྷག་ལ་བོད་དེ་བཙན་ཤུགས་ཀྱིས་དབང་བསྒྱུར་བྱས་ཡོད་ཀྱང་། འཛམ་གླིང་ས་ཕྱོགས་གང་སར་འཚོ་གནས་བྱས་པའི་སྐྱབས་བཅོལ་བོད་མི་ཚོས་རང་གི་ཕ་ཡུལ་སླར་གསོ་བྱེད་པའི་ཕུགས་བསམ་དེ་བརླགས་མེད།

རྒྱ་ནག་གི་དཔལ་འབྱོར་དང་དམག་གི་སྟོབས་ཤུགས་ཀྱིས་འཛམ་གླིང་མི་མང་གིས་བོད་ནང་ལ་རྒྱ་ནག་གིས་ལོག་སྤྱོད་སྤེལ་བཞིན་པ་དང་མི་སྤྱོད་ལས་འདས་པའི་བྱ་སྤྱོད་སྤེལ་ཏེ། བོད་པ་མང་པོ་ཞིག་འདུག་ཐབས་མེད་པ་བཟོ་བཞིན་པའི་སྐོར་ལ་བསམ་ཚུལ་བཤད་མི་ཐུབ་པའི་ཐབས་ཇུས་སྔོན་ཆད་ནས་ལེགས་འགྲུབ་བྱུང་ཡོད།

ད་ལྟ་འཛམ་གླིང་གི་རྒྱལ་ཁབ་ཕལ་ཆེ་བས་བོད་དོན་སྣང་མེད་དུ་བཞག་སྟེ་བོད་དོན་ཐད་ནས་དྲང་བདེན་མ་ཡིན་པའི་ལམ་ཁ་ཞིག་འདེམ་བཞིན་ཡོད་པ་རེད། གང་ལྟར་ཡང་། འཛམ་གླིང་གི་སྲིད་གཞུང་ཁག་གིས་སྔར་བཞིན་རྒྱ་ནག་གིས་བོད་ནང་ལ་བཙན་ཤུགས་ཀྱིས་དབང་བསྒྱུར་བྱས་ཏེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་གདལ་བཤིག་གཏོང་བཞིན་པར་དོ་སྣང་བྱེད་ཀྱི་མེད། དེ་བཞིན། འཛམ་གླིང་ཡོངས་ཀྱི་མི་མང་པོ་ཞིག་གིས་རྒྱ་ནག་གིས་བོད་ལ་དྲང་བདེན་མ་ཡིན་པའི་བྱ་སྤྱོད་སྤེལ་པ་ཤེས་ཀྱི་ཡོད་ན་ཡང་། ཁོ་ཚོས་བོད་དོན་དེ་མ་འོངས་པར་རང་བཞིན་གྱིས་རྒྱལ་ཁ་ཐོབ་འགྲོ་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད།

འཛམ་གླིང་གི་མི་མང་པོ་ཞིག་དང་། ལྷག་པར་དུ་གཞོན་སྐྱེས་མི་རབས་གསར་པ་ཚོས་བོད་ཀྱི་ལོ་རྒྱུས་དང་ཆོས་དང་རིག་གནས་དེ་རྒྱ་ནག་གིས་རྩ་གཏོར་གཏོང་བཞིན་པ་ཚོར་གྱི་མེད་ལ། དེའི་སྐོར་ནས་བཤད་དགོས་ནའང་གསལ་བོ་ཞིག་ཧ་གོ་ཡི་ཡོད་པ་མ་རེད།

བོད་པ་ཚོས་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་རང་དབང་དེ་རྒྱ་ནག་ལ་བསྟུན་མཁས་དང་བསམ་ཤེས་བྱས་ན། ནམ་ཞིག་རྒྱ་ནག་གཞུང་གིས་དྲང་བདེན་ཞིག་བྱེད་ཀྱི་རེད་སྙམ་གྱི་ཡོད་ན་དེ་ནི་ཡོང་ཐབས་མེད་པ་ཞིག་རེད། བོད་པ་ཚོར་ད་དུང་སྐུལ་འདེད་གཏོང་བྱེད་ཀྱི་བསམ་བློ་ཚད་ལྡན་ཞིག་ཡོད་པ་དེས་རྒྱ་ནག་གཞུང་ལ་བོད་དོན་དེ་དྲང་བདེན་ཞིག་ཏུ་མཐོང་བར་སྐུལ་མ་བྱ་ཐུབ་ཀྱི་ཡོད་པ་རེད་ལ། གལ་ཏེ་བསམ་བློ་དེ་ཚུལ་དང་ལྡན་པའི་ཐོག་ནས་འགྲོ་ཐུབ་ན་ཞི་འཇམ་དང་བཟང་སྤྱོད་ལྡན་པའི་ཐོག་ནས་བསྒྲུབ་ཐུབ་པ་ཞིག་རེད།

རྒྱ་ནག་གི་དཔལ་འབྱོར་གཞི་རྟེན་གཙོ་བོ་ཕལ་ཆེ་བ་འཛམ་གླིང་ཡོངས་ལ་དངོས་ཟོག་ཐོན་སྐྱེད་ཚོང་འབྲེལ་བྱེད་བཞིན་པར་བརྟེན་ཡོད། རྒྱ་ནག་གིས་དངོས་ཟོག་ཐོན་སྐྱེད་འདྲ་མིན་བྱེད་བཞིན་ཡོད་ལ་དེ་དག་མང་ཆེ་བ་ཞིག་དེ་རིང་གི་རྒྱལ་སྤྱིའི་ཁྲོམ་རའི་ནང་མཁོ་གལ་ཆེ་བའི་ཅ་ལག་རྐྱང་ཆགས་ཀྱི་ཡོད་ལ། ཐོན་དངོས་དེ་དག་ནི་གཙོ་བོ་བྱིས་པའི་རྩེད་ཆས་དང་བྱིས་པའི་དཔེ་དེབ། གྱོན་ཆས་རིགས་སོགས་མི་སྒེར་གྱི་འཚོ་བའི་ནང་བཀོལ་སྤྱོད་ཆེ་བའི་དངོས་ཟོག་ཆུང་རིགས་བརྒྱ་ཕྲག་ཐོན་སྐྱེད་བྱེད་བཞིན་ཡོད་ལ། དེ་ལྟ་བུའི་རྒྱ་ནག་གི་དངོས་ཟོག་རིགས་དུས་རྒྱུན་གཤམ་སྟོན་བྱས་ཏེ་ཧ་ཅང་འབོར་ཆེན་འཚོང་བཞིན་ཡོད་ལ། རྒྱལ་ཁབ་མང་ཆེ་བའི་ནང་དུ་རྒྱ་ནག་གི་དངོས་ཟོག་དེ་དག་འཚོང་སའི་ཆེད་ཚོང་ཁང་ཡང་ཡོད་པ་རེད།

བོད་མི་དང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གིས་བོད་ནང་དྲང་བདེན་མ་ཡིན་པའི་ལས་ཀ་བྱེད་བཞིན་པར་ངོ་རྒོལ་ཐབས་ཇུས་ཤིག་དགོས་ཀྱི་ཡོད་པ་ལྟར། ངོ་རྒོལ་བྱེད་ཐབས་ཡག་ཤོས་དེ་རྒྱ་ནག་གིས་འཛམ་གླིང་ཡོངས་ལ་(རྒྱ་ནག་ནས་བཟོས)(made in china)ཞེས་པའི་མིང་ཐོག་ནས་ཐོན་སྐྱེད་བྱས་པའི་ཅ་དངོས་དེ་དག་ཉོ་འཚོང་ལ་ངོ་རྒོལ་བྱེད་དགོས་པ་དང་། རྒྱ་ནག་ལ་ཁ་ཐུག་གིས་ངོ་རྒོལ་བྱས་པ་མ་ཡིན་པར། ཤུགས་ནས་རྒྱ་ནག་གི་དངོས་ཟོག་འཚོང་འབྲེལ་ལ་བར་ཆད་བཟོས་པ་ཡིན་ན་མི་འགྱངས་བར་ལས་འགུལ་དེ་གཞི་རྒྱ་ཆེན་པོའི་ངང་ནས་ཁྱབ་བརྡལ་དུ་འགྲོ་བ་མ་ཟད། གལ་སྲིད་ལས་འགུལ་དེའི་ཤུགས་རྐྱེན་ཆེན་པོ་ཐེབས་པ་ཡིན་ན་དམིགས་ཡུལ་དང་ཐབས་ལམ་གཉིས་ག་འགྲིག་གི་ཡོད་པ་རེད།

ཚང་མས་རྒྱ་ནག་དེ་སྲིད་དབང་གཅིག་སྡུད་ལམ་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་ཤེས་ཀྱི་ཡོད་ལ། རྒྱ་ནག་གཞུང་དང་རྒྱ་ནག་མི་དམངས་བར་དུའང་འབྲེལ་འདྲིས་གཏིང་ཟབ་མོ་ཞིག་མེད། མི་མང་ཚོས་སྲིད་གཞུང་གིས་བཀའ་ག་རེ་བཏང་བ་དེར་ཁས་ལེན་བྱེད་རྒྱུ་ལས་སྲིད་གཞུང་གིས་ཅི་བཤད་ལ་དྲི་བ་འདོན་པ་དང་། དེའི་རྒྱབ་ཀྱི་དམིགས་ཡུལ་སོགས་ལ་རྒྱུས་ལོན་བྱེད་པའི་དབང་ཆ་མེད་སྟབས། རྒྱ་ནག་རང་གི་མི་སེར་ཚོས་ཀྱང་སྲིད་གཞུང་གིས་བོད་ཐོག་ལ་གནོད་སྐྱོན་ཆེ་བའི་བྱ་སྤྱོད་སྣ་ཚོགས་སྤེལ་བཞིན་པ་ཕལ་ཆེར་ཤེས་ཀྱི་མེད།

དེ་ལྟ་བུའི་རྒྱ་ནག་གི་དངོས་ཟོག་ཐོན་སྐྱེད་ལ་ངོ་རྒོལ་བྱས་པ་དེས་རྒྱ་ནག་གཞུང་གཅིག་པོར་བརྡ་ལན་སྤྲོད་པ་ཙམ་མིན་པར། དངོས་ཟོག་དེ་དག་འཛམ་གླིང་ཡོངས་ཀྱི་འཚོང་གཉེར་ཁང་སྟོང་ཕྲག་མང་པོར་འཚོང་མཁན་རྒྱ་ནག་མི་མང་ལའང་བརྡ་ཞིག་སྤྲོད་ངེས་རེད། ད་དུང་ལས་དོན་དེས་འཛམ་གླིང་ཡོངས་ནས་རྒྱ་ནག་གིས་བོད་ཐོག་དྲང་བདེན་མ་ཡིན་པའི་ལས་ཀ་བྱེད་བཞིན་པར་དོ་སྣང་དང་གདུང་སེམས་མཉམ་སྐྱེད་ཡོང་གི་རེད།

འོན་ཀྱང་། དངོས་ཟོག་ཚོང་འབྲེལ་ངོ་རྒོལ་དེར་རྒྱ་ནག་གཞུང་གིས་ཐབས་ཇུས་དང་གཡོ་སྒྱུ་འདྲ་མིན་འཁྲབ་སྟེ། མངོན་གསལ་དོད་པོའི་འབྲས་བུ་མི་འབྱུང་བ་དང་། རྒྱ་ནག་གཞུང་གིས་མགྱོགས་མྱུར་ངང་བོད་དོན་ཐག་གཅོད་མ་བྱས་ཀྱང་། དངོས་ཟོག་ཚོང་འབྲེལ་ངོ་རྒོལ་གྱིས་རྒྱ་ནག་གི་བྱེད་སྟངས་རྣམས་མངོན་གསལ་ཆགས་ཡོང་གི་རེད་ལ། དེ་ལ་རྒྱ་ནག་གཞུང་དང་རྒྱ་ནག་མི་དམངས་གིས་ཀྱང་སྣང་མེད་གཏོང་ཐབས་མེད།

ཞི་བའི་ངོ་རྒོལ་བྱེད་སྟངས་དེ་རྒྱ་གར་གྱིས་དབྱིན་གཞུང་འོག་ནས་ངོ་རྒོལ་བྱེད་སྐབས་ཀྱི་བདག་ཉིད་ཆེན་མོ་གན་དྷིའི་སྙིང་སྟོབས་དེ་ལྡོག་འཕྲོས་བྱས་པ་རེད་ལ། རྒྱ་གར་གྱིས་དབྱིན་གཞུང་ལ་དེ་ལྟར་ངོ་རྒོལ་ཐེངས་མང་པོ་བྱས་པ་བརྒྱུད་དེ་དབྱིན་ཇིའི་གོང་མའི་སྟོབས་ཤུགས་ཐེངས་མང་པོར་ཉམས་རྒུད་དུ་བཏང་ཡོད་པ་རེད། དེ་ལྟ་བུའི་ངོ་རྒོལ་བྱེད་སྟངས་ནི་འཚེ་མེད་ཞི་བ་ཐབས་ལམ་ཡིན་པ་མ་ཟད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཛམ་གླིང་ལ་ལེགས་སྐྱེས་སུ་ཕུལ་བའི་ལྟ་གྲུབ་དང་ཡང་མཐུན་གྱི་ཡོད་པ་རེད།

ཐབས་རྩལ་གྱི་སྤོ་ལོ་དེ་བོད་པའི་རྩེད་ཐང་དུ་ཡོད་པ་དང་། བོད་དོན་རྒྱབ་སྐྱོར་བ་དང་བོད་པ་ཚོས་ཐབས་རྩལ་དེ་བེད་སྤྱོད་བཏང་སྟེ་ཞི་འཇམ་གྱིས་རྒྱ་ནག་གི་དངོས་ཟོག་ཐོན་སྐྱེད་ལ་ངོ་རྒོལ་བྱེད་དགོས། ཁོ་ཚོས་བོད་པར་རང་དབང་ཐོབ་པའི་དམིགས་ཡུལ་བཟུང་སྟེ་ལས་འགུལ་སྤེལ་སྟངས་དེ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རྒྱུན་གནས་ཐུབ་ཐབས་དང་། མི་མང་འདུ་འཛོམས་བྱེད་སར་བགྲོ་གླེང་བྱེད་པ། དེ་བཞིན། དུས་ནས་དུས་སུ་འཛམ་གླིང་གང་སར་རྔམ་སྟོན་ཁྲོམ་སྐོར་དང་གཏམ་བཤད་ལས་འཆར་སྤེལ་བ་སོགས་བྱེད་དགོས།

སྒྱུར་མཆན། སྲིད་དོན་ཆེད་རྩོམ་འདི་ནི་(Sri Lanka Guardian)གསར་འགྱུར་དྲ་བ་ལས་རྩོམ་པ་པོ་(N.S.Venkataraman)བྲིས་པ་བོད་བསྒྱུར་བྱས། རྩོམ་པ་པོ་ཁོང་ནི་རྒྱ་གར་ཊ་མུལ་ནཱ་དོ་མངའ་སྡེ་ནས་སྐྱེས་ཤིང་ད་ལྟ་(Annamalai University)གཙུག་ལག་སློབ་གྲྭའི་རྫས་འགྱུར་རིག་པ་ཆེད་མཁས་པ་དང་སྲིད་དོན་དཔྱད་བརྗོད་རྩོམ་པ་པོ་སོགས་ཡིན། ཁོང་གིས་རྒྱ་གར་གཙོའི་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་སྲིད་དོན་ཆེད་རྩོམ་སྣ་ཚིགས་སྤེལ་བཞིན་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༠༦/༡༣

Leave a Reply