བོད་ནང་སླར་ཡང་རང་ལུས་མེར་བསྲེགས་གནང་འདུག

ད་ལྟ་རང་འདི་གར་གནས་ཚུལ་འབྱོར་བ་ལྟར་ན། འདང་ནུབ་མཚན་དཀྱིལ་ཙམ་ལ་བོད་ཨ་མདོ་མཚོ་སྔོན་གཅན་ཚ་རྫོང་། གྱེར་སྟེང་(གྱེར་ཐང་།)དགོན་པའི་རང་ལོ་ ༢༩ ཡིན་པའི་དགེ་འདུན་པ་འཇམ་དབྱངས་བློ་གསལ་ཞུ་བ་ཞིག་གིས་གཅན་ཚ་རྫོང་ཐོག་ཏུ་བོད་དོན་ཆེད་རིང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་ཕྱིན་ཡོད་འདུག

དགེ་འདུན་པ་ཁོང་གི་སྐྱེས་ཡུལ་གཅན་ཚ་སྣང་ར་མདུང་རྒྱ་ཞེས་པ་ནས་ཡིན་པ་དང་། ཁོང་གིས་རང་ལུས་མེར་བསྲེགས་རྗེས་འདས་གྲོངས་སུ་ཕྱིན་ཡོད་པ་དང་། དེ་མ་ཐག་ས་གནས་རྒྱ་གཞུང་ཉེན་རྟོག་པ་འབྱོར་ཏེ་སྐུ་ཕུང་བཙན་འཁྱེར་བྱས་ཏེ་ད་ལྟ་ནང་མིར་ཕྱིར་རྩིས་སྤྲོད་བྱས་མི་འདུག

ད་སྔ་རང་ལུས་མེར་བསྲེགས་གནང་མཁན་ཁོང་གི་པར་དང་ལོ་རྒྱུས་ཞིབ་ཕྲ་རག་ཐུབ་མ་སོང་བས་གནས་ཚུལ་ཐོན་རིམ་བཞིན་ཁ་སྣོན་བྱ་རྒྱུ་ཡིན།

གཅན་ཚ་རྫོང་ནི་བོད་ཀྱི་མདོ་སྨད་ས་ཁུལ་དུ་གནས་ཤིང་། ད་ལྟ་རྒྱ་གཞུང་གིས་བཅད་བགོས་བྱས་ཁོངས་སུ། མཚོ་སྔོན་ཞིང་ཆེན་གྱི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས་པའི་རྫོང་ཞིག་ཡིན། གཅན་ཚ་རྫོང་ལ་ཡུལ་ཚོ་ ༦ དང་གྲོང་རྡལ་ ༣ གྲོང་སྡེ་ ༧༩ ཡོད། བྱང་ཤར་དུ་རྨ་ཆུས་བར་ཆོད་ནས་དཔའ་ལུང་རྗོང་གི་ཁ་གཏད་དུ་ཡོད་པ་དང་། ཤར་ལྷོར་བིས་མདོ་དང་འདབས་འབྲེལ་ཡོད། ནུབ་མཐར་ཁྲི་ཁ་རྫོང་དང་འབྲེལ་བ་དང་། ལྷོ་ཕྱོགས་སུ་རེབ་གོང་རྫོང་དང་འབྲེལ་ཡོད། ཟི་ལིང་གྲོང་ཁྱེར་ལ་སྤྱི་ལེ་ ༡༢༧ དང་རེབ་ཀོང་རྫོང་གི་རོང་བོ་གྲོང་རྡལ་ལ་སྤྱི་ལེ་ ༧༠ ཡོད། གཅན་ཚ་རྫོང་མི་དམངས་སྲིད་གཞུང་ནི་མར་ཁུ་ཐང་གྲོང་རྡལ་དུ་གནས་ཡོད། གཅན་ཚ་རྫོང་གི་སའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ ༡༧༡༤ ཡོད། མི་འབོར་ ༥༠༠༠༠ ཡོད་པ་དང་བོད་རིགས་ནི་མི་འབོར་གྱི་བརྒྱ་ཆའི་ ༦༧ ཟིན་ཡོད་འདུག

བསྐྱར་བཅོས།: ༢༠༡༧/༠༥/༢༠

Leave a Reply

2 thoughts on “བོད་ནང་སླར་ཡང་རང་ལུས་མེར་བསྲེགས་གནང་འདུག

  1. རྡོ་རིང་བསྟན་འཛིན་ཕུན་ཚོགས་

    གནས་ཚུལ་རྒྱས་པོ་འདུག ཐུགས་རྗེ་ཆེ་ཞུ་ དངོས་གནས་བོད་མི་རིགས་ཀྱི་སེམས་ཤུགས་ཆག་རྒྱུ་མེད་པ་ཁ་གསལ་པོ་ཆགས་འགྲོ་གི་འདུག

  2. ཐོས་པ་དགའ།

    རྒྱལ་གཅེས་དཔའ་བོ་དགེ་འདུན་པ་འཇམ་དབྱངས་བློ་གསལ་ལགས་ཀྱིས་བོད་མི་ས་ཡ་དྲུག་གི་བདེ་བ་དང་སྡུག་བསྔལ་ལ་གཟིགས་ནས་རང་ཉིད་ཀྱི་ལུས་སྲོག་ལོངས་སྤྱོད་བློས་བཏང་ནས། རྒྱ་གཞུང་གི་དྲང་བདེན་མ་ཡིན་པའི་སྲིད་ཇུས་ལ་ངོ་བརྒོལ་གྱིས། འདས་གྲོངས་སུ་གྱུར་པར། མྱ་ངན་གུས་འདུད་དང་། ཁྱེད་དང་ཁྱེད་ལྟ་བུའི་དཔའ་བོ་དཔའ་མོ་ཚོའི་མངོན་འདོད་འགྲུབ་པའི་རེ་སྨོན་🙏🙏🙏ཤུགས་དྲག་ཡོད། བོད་རྒྱལ་ལོ། ✊🏽✊🏽✊🏽