བོད་པའི་བུ་མོའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་རྒྱལ་ཁ་རྒྱ་གར་བར་ཐོབ།

བོད་པའི་བུད་མེད་རྐང་རྩེད་སྤོ་ལོའི་རྩེད་འགྲན་སྐབས་གཉིས་པའི་ཁྲོད་བོད་པའི་བུད་མེད་རུ་ཁག་གཉིས་ཞུགས་གནང་ཡོད་ཀྱང་མཐའ་མའི་ཨང་དང་པོ་གཉིས་པ་རྒྱ་གར་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ལ་ཐོབ་སོང་།

དེ་རིང་ཉིན་རྒྱབ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་དུ་བོད་རྒྱལ་ཡོངས་རྩེད་རིག་ཚོགས་པ་དང་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་གཉིས་ཀྱིས་གོ་སྒྲིག་ཞུས་པའི་བུད་མེད་རྐང་རྩེད་སྤོ་ལོ་འགྲན་བསྡུར་གྱི་ཉིན་མཐའ་མའི་རྩེད་འགྲན་མཛད་སྒོ་ཚོགས་ཡོད་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཁག་ཅིག དྷ་རམ་ས་ལའི་ས་གནས་མགོ་འཛིན་ཟླ་བ་རིན་ཆེན་ལགས་དང་། དྷ་ས་ཁུལ་གྱི་མི་མང་བཅས་ཕེབས་འདུག

ད་ལོ་ནི་བུད་མེད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་ ༢ པ་དེ་ཡིན་པ་དང་། འགྲན་བསྡུར་ཁྲོད་བོད་ཀྱི་བུད་མེད་རུ་ཁག་གཉིས་དང་རྒྱ་གར་གྱི་སློབ་ཕྲུག་རུ་ཁག་གཉིས་བཅས་ཁྱོན་རུ་ཁག་ ༤ གིས་འགྲན་བསྡུར་བྱས་ཏེ། མཐའ་མའི་འགྲན་བསྡུར་ཁྲོད་བོད་པའི་བུད་མེད་རུ་ཁག་བསླེབས་ཐུབ་མེད་པར། རྒྱ་གར་གྱི་ས་གནས་ཨཱམ་རིཊ་སཱར་(Amritsar) རུ་ཁག་དང་། ཇཱ་ལེཎ་དྷར་(Jalandhar)རུ་ཁག་གཉིས་ཀྱིས་འགྲན་བསྡུར་བྱས་ཏེ། ཇཱ་ལེཎ་དྷར་རུ་ཁག་ལ་རྒྱལ་ཁ་ཐོབ་སོང་།

བོད་རྒྱལ་ཡོངས་རྩེད་རིག་ཚོགས་པའི་དྲུང་ཆེ་པ་སངས་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ “བོད་ཀྱི་བུད་མེད་ཚོར་རྒྱལ་ཡུམ་ཆེན་མོ་ལྟ་བུའི་རྐང་རྩེད་སྤོ་ལོ་འགྲན་བསྡུར་མེད་སྟབས། བོད་རྒྱལ་ཡོངས་རྩེད་རིག་ཚོགས་པའི་ངོས་ནས་བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོ་འགྲན་བསྡུར་འདི་གོ་སྒྲིག་ཞུས་པ་རེད། སྤྱིར་བོད་ཀྱི་བུད་མེད་ཚོས་ཕྱི་ལོ་ ༡༩༨༠ དང་ ༡༩༩༠ ཙམ་ནས་སློབ་གྲྭ་ཁག་ཏུ་རུ་ཁག་བཟོས་ཏེ་རྐང་རྩེད་སྤོ་ལོ་རྩེས་ཡོད་ཀྱང་། བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོ་རུ་ཁག་ཅེས་པ་ཞིག་ལོགས་སུ་ཡོད་པ་མ་རེད། ༢༠༡༢ ལོ་ནས་བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་གསར་དུ་བཙུགས་པ་མ་ཟད། སློབ་གྲྭ་ཁག་དགུ་ལ་བུད་མེད་རྩེད་མོའི་སྐྱིད་སྡུག་ཅེས་པ་ཞིག་ཀྱང་བཙུགས་ཏེ། ན་ནིང་ནས་སློབ་གྲྭ་དེ་དག་ལ་རྩེད་མོའི་ཅ་ལག་ཉོ་རྒྱུར་ཧིན་སྒོར་ ༡༢༠༠༠ རེ་གནང་གི་ཡོད་པ་རེད། ད་ལྟ་བུད་མེད་རྩེད་མོའི་རུ་ཁག་ཡོད་པའི་སློབ་གྲྭ་ ༡༥ ཡོད། ཐེངས་འདིའི་བུད་མེད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་འདི་ནི་ཐེངས་ ༢ པ་ཆགས་ཡོད་པ་དང་། མཐའ་མའི་འགྲན་བསྡུར་གྱི་རྒྱལ་ཁ་ཐོབ་མཁན་ལ་དམིགས་བསལ་དངུལ་གྱི་བྱ་དགའ་སོགས་མེད་པར། མཐའ་མའི་ཨང་དང་པོ་གཉིས་པ་གཉིས་ལ་གཟེངས་རྟགས་རེ་དང་། རྩེད་འགྲན་པ་རེར་དྲན་རྟེན་དང་ལག་ཁྱེར་རེ་འབུལ་བཞིན་ཡོད།”ཅེས་བརྗོད་སོང་།

མ་འོངས་པར་བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོ་འགྲན་བསྡུར་དེ་ས་གནས་གང་དུ་གོ་སྒྲིག་གནང་འཆར་ཡོད་སྐོར་དྲིས་པར་ཁོང་གིས། “ ད་ལོ་དྷ་སྟེང་གི་རྐང་རྩེད་སྤོ་ལོའི་ཐང་དེ་སྟོང་པ་ཡིན་སྟབས་དེར་གོ་སྒྲིག་ཞུས་པ་རེད། གཅིག་བྱས་ན་ལོ་རྗེས་མ་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དེ་ཕར་འགྱང་བྱས་ཏེ། རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོ་འགྲན་བསྡུར་དང་མཉམ་དུ་གོ་སྒྲིག་བྱ་སྲིད་པ་རེད། འོན་ཀྱང་། དེ་ནི་འཆར་གཞི་ཙམ་ལས་གཏན་འཁེལ་མ་རེད།”ཅེས་བརྗོད་སོང་།

ཐེངས་འདིའི་བོད་པའི་བུད་མེད་ཀྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཁྲོད་མཐའ་མའི་རྒྱལ་ཁ་ཐོབ་མཁན་རྒྱ་གར་བུད་མེད་རྩེད་འགྲན་པ་ཤཱ་ལི་མཱ་དང་ཇཱོ་ཏཱི་ཟེར་བ་གཉིས་ལ་འཚོར་སྣང་ཅི་བྱུང་བཅར་འདྲི་ཞུས་པར་ཁོང་གཉིས་ཀྱིས། ཐེངས་འདིར་དྷ་རམ་སར་བསླེབས་ཏེ་བོད་ཀྱི་བུད་མེད་རུ་ཁག་ཚོ་དང་མཉམ་དུ་རྐང་རྩེད་སྤོ་ལོ་རྩེ་རྒྱུ་བྱུང་བར་ཧ་ཅང་དགའ་བོ་བྱུང་ཚུལ་དང་། དྷ་རམ་ས་ལ་ནི་ཁོང་ཚོ་གནས་སྡོད་བྱེད་སའི་ལུང་པ་དང་མ་འདྲ་བར་ཡུལ་ལྗོངས་མཛེས་ཤིང་། ཁ་དབུགས་ཧ་ཅང་གཙང་མ་ཡིན་སྟབས་ཧ་ཅང་སྐྱིད་པོ་བྱུང་སོང་བས་བོད་པའི་བུད་མེད་རྩེད་འགྲན་རུ་ཁག་དང་གོ་སྒྲིག་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་སྐོར་སོགས་བརྗོད་སོང་། ཐེངས་འདིའི་རྩེད་འགྲན་ཁྲོད་བོད་ཀྱི་བུད་མེད་རུ་ཁག་གཉིས་དང་རྒྱ་གར་གྱི་སློབ་ཕྲུག་རུ་ཁག་གཉིས་འདུག་ལ། བོད་ཀྱི་བུད་མེད་རུ་ཁག་ནང་འཛིན་རིམ་བཅུ་གཉིས་ཐོན་པའི་བུ་མོ་ ༡༢ དང་། བོད་པའི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་གཉིས་མན་གྱི་བུ་མོ་ ༢༥ ། དམིགས་བསལ་གྱི་བོད་ཁྱིམ་དུ་དགེ་རྒན་བྱེད་བཞིན་པའི་བུད་མེད་གཅིག་བཅས་ཀྱིས་མཉམ་ཞུགས་གནང་སྟེ། ཁྱོན་སྡོམ་ད་ལོའི་བུད་མེད་རྐང་རྩེད་སྤོ་ལོ་འགྲན་བསྡུར་ཁྲོད་བོད་པའི་བུ་མོ་ ༣༧ ཡོད་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༦/༠༧

Leave a Reply

One thought on “བོད་པའི་བུ་མོའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་རྒྱལ་ཁ་རྒྱ་གར་བར་ཐོབ།

  1. བསྟན་འཛིན་རྣམ་དག

    བོད་རྒྱལ་ཡོངས་རྩེད་རིག་ཚོགས་པའི་བོད་པའི་བུ་མོའི་སིལ་སྤོལ་འགྲན་བསྡུར་དང་། བློ་བཟང་དབང་རྒྱལ་གྱི་བོད་ཀྱི་མཛངས་མ་འགྲན་བསྡུར་གཉིས་གཅིག་པ་གཅིག་རྐྱང་རེད། མིང་འུར་སྒྲོག་བྱེད་པ་ཙམ་ལས་དོན་སྟོང་པ་སྟོང་རྐྱང་རེད། ལྷག་པར་དུ་ད་རེས་མཐའ་མ་རྒྱལ་ཁ་རྒྱ་གར་བར་འབུལ་དགོས་བྱུང་བ་དེ་ངོ་ཚ་བོ་མ་རེད་པས་་་